//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

ཁ་ཆེ་ཟླ་བ་མངོན་དགས་སྨན་སྤེལ་ཚུལ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 9:48:05 ཀློག་གྲངས། 32 

དེའི་སློབ་མ་ཁ་ཆེ་ཟླ་བ་མངོན་དགའ་ནི། སྒྲ་སྦྱོར་ངེས་པར། ཆགས་ལ་མངོན་པར་དགའ་བའི་བུ།། ཟླ་བ་མངོན་དགའ་ཞེས་བྱ་བས།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ཏེ།། ཡན་ལག་བརྒྱད་པ་ལས་བསྟན་པའི།། ཞེས་དང་། ཟླ་ཟེར་གྱི་ལེའུ་བཞི་བཅུ་པར། བདག་གི་མེས་པོར་གྱུར་པ་ནི།། དཔལ་ཆེན་དགའ་བ་ཞེས་གྲགས་ཡིན།། དེ་ནི་ནམ་ཡང་མཁས་པ་རྣམས།། གྲགས་པ་དྲི་མེད་བསྒྲག་སྒྲོགཔར་བྱེད།། དེའི་བུར་གྱུར་ཆགས་པ་དགའ།། དེའི་བུ་ཟླ་བ་མངོན་དགའ་བདག། སློབ་དཔོན་བློ་གྲོས་ཆེན་པོ་ནི།། རྒྱུད་ཤེས་དོན་ལྡན་མིང་བཏགས་པ།། དོན་དམ་ཞེས་བྱ་སྨན་པའི་མཆོག། ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན།། ཞེས་པ་སྨན་པ་ཟླ་ཟེར་དུ་ལུང་འདི་གའི་སྟོད། དཔལ་ལྡན་ཕ་ཁོལ་སྨན་པའི་མཆོག། ཚེ་ཡི་རིག་བྱེད་ཕ་རོལ་ཕྱིན།། ཞེས་དང་། སྙིང་པོ་བསྡུས་པའི་རྫོགས་བྱང་ལ་སྨན་པའི་བདག་པོ་དགེ་འདུན་གསང་བ་ཞེས་བྱ་བའི་བུ་ཕ་ཁོལ་ཞེས་དཔལ་ཆེན་དགེ་བ་སློབ་དཔོན་དཔའ་བོ་དང་། དེའི་སྲས་ཆགས་པ་མངོན་དགའ། དེའི་སྲས་ཁ་ཆེ་ཟླ་མངོན་དེས་ཡན་ལག་བརྒྱད་པ་ཆེན་པོ། དེ་ལ་འཇུག་པ། སྙིང་པོ་བསྡུས་པ་རྣམས་དང་། ཙ་ར་ཀ་འབུམ་སྡེ་སོགས་གསོ་རིག་གི་གཙུག་ལག་མཐའ་ཀླས་པར་བརྟེན་ཅིང་། རང་ཉིད་ཀྱིས་རྣམ་པར་དཔྱོད་པའི་རིག་ལམ་ནས་དྲངས་ཏེ་སྙིང་པོ་བསྡུས་པ་རྒྱས་པར་འགྲེལ་བར་ཚིག་དོན་ཟླ་ཟེར། དེའི་སྨན་མིང་ཟུར་དུ་བཀོལ་པར་ཚིག་དོན་སྒྲ་སྦྱོར་ངེས་པ་སོགས་མཛད་དེ་འཕགས་ཡུལ་གྱི་གསོ་རིག་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར། གཞན་ཡང་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝས་བསྲུང་བ་རྡོ་རྗེའི་ཁྲབ་རིངས། བརྟག་པ་ཉི་ཟླ་ཁ་སྦྱོར། གསོ་བ་བདུད་རྩི་བུམ་པ། གཅེས་པའི་ཕྲེང་བ་བདུད་རྩི་སྙིང་པོ་ལ་སོགས་པ་མང་པོ་དང་། རྒྱ་གར་ཤར་ཕྱོགས་པ་བསྟན་པའི་བློ་གྲོས་ཀྱི་དྲི་མེད་གཟི་བརྗིད། ཨོོ་ཌི་ཡ་ནའི་མཁས་པ་ཛི་ན་མི་ཏྲས་གསོ་སྟོང་དགུ་བཅུ་རྩ་གཅིག་པ། བལ་པོ་པྲ་ཨ་ན་རས་གནས་བསྒྱུར་གསུམ་པ་རྣམས་མཛད་པར་གྲགས།

X