//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

འཚོ་བྱེད་གཞོན་ནུས་སྨན་སྤེལ་ཚུལ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 9:45:21 ཀློག་གྲངས། 73 

རྒྱུན་ཤེས་ཀྱི་བུའི་སློབ་མ་འཚོ་བྱེད་གཞོན་ནུས་གསོས་ནི། འདུལ་ལ་མེ་ཏོག་ཕྲེང་རྒྱུད་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ། ཝ་ར་ཎཱ་སི་ཡངས་པ་ཅན།། རྒྱལ་པོ་ཁབ་ནི་དྲུག་པ་སྟེ།། འདི་དག་གྲོང་ཁྱེར་ཆེན་པོར་ཤེས།། ཞེས་འཕགས་ཡུལ་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་གཙོ་བོའི་རྒྱལ་པོ་ལ་བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེ་དང་དུས་མཉམ་དུ་འཁྲུངས་པའི་རྒྱལ་པོ་བཞིའི་ནང་ཚན། རྒྱལ་པོའི་ཁབ་བམ་མ་གདྷའི་རྒྱལ་པོའི་པདྨ་ཆེན་པོའི་སྲས་བཙས་པའི་ལྟས་སུ་འཇིག་རྟེན་ཐམས་ཅད་ཉི་མའི་གཟུགས་ཤར་བ་ལྟར་སྣང་བའི་གཟུགས་ཅན་སྙིང་པོར་བཏགས་པ། དེ་ལ་ལུས་འཕགས་མ་ཁབ་ཏུ་བསུས་པའི་བུ་མ་སྐྱེས་དགྲ། བུད་མེད་རིན་པོ་ཆེའི་མཚན་ཕལ་ཆེར་ཚང་བ་ཡངས་པ་ཅན་གྱི་སྨན་ཚོང་མ་ཨ་མྲ་སྐྱོང་མ་དང་འདུས་པའི་བུ་གཞོན་ནུ་འཇིགས་མེད། མདོ་ཕྲན་གྲས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་ཞུས་པ་ཞེས་ཡོད་པ་རྣམས་ཀྱི་ལོ་རྒྱུས་འདིར་སྐབས་སུ་མ་བབས། འཚོ་བྱེད་ཀྱི་རྟོགས་བརྗོད་རགས་ཙམ་འདུལ་བ་ལུང་བཞིའི་སྨན་གཞི་ལས་བཤད་པ་ལྟར་སྨོས་ན།

རྒྱལ་པོ་གཟུགས་ཅན་སྙིང་པོ་གཞན་གྱི་བུད་མེད་ལ་ལྷག་པར་ཆགས་པས་གླང་བོ་ཆེར་ཞོན་ཏེ་གྲོང་ཁྱེར་གྱི་སྲང་རྣམས་སུ་སོང་ནས་མིག་ཕན་ཚུན་དུ་བལྟ་ཞིང་འཁྱམས་པར་བྱེད་དོ།། དེའི་ཚེ་རྒྱལ་པོའི་ཁབ་ན་ཚོང་དཔོན་ཕྱུག་ལ་ནོར་མང་བ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱོད་པ་ལས་ནམ་ཞིག་ཟོང་མང་པོ་ཐོགས་ནས་ཡུལ་གྱི་མཐར་སོང་བ་དང་།ཆུང་མ་དེ་ཁ་ཟས་ཞིམ་པོ་དང་གོས་ཀྱིས་ཉོན་མོངས་པའི་འདོད་ཆགས་ཀྱིས་གདུངས་པར་གྱུར་པ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོ་གླང་བོར་ཞོན་ནས་དེའི་ཁྱིམ་དྲུང་ནས་སོང་བ་དང་། དེས་ཀྱང་སྐར་ཁུང་དུ་འདུག་ནས་རྒྱལ་པོ་ལ་མེ་ཏོག་གི་ཕྲེང་བ་བོར་བ་དང་། རྒྱལ་པོས་སྨྲས་པ། མར་ཤོག ཚོང་དཔོན་གྱི་ཆུང་མ་ན་རེ། ཁྱོད་ཉིད་ནང་དུ་གཤེགས་ཤིག དེ་ནས་རྒྱལ་པོ་ནང་དུ་ཞུགས་ནས་དེ་དང་ལྷན་ཅིག་དགའ་མགུར་སྤྱད་པ་ལས། དུས་རིང་ཞིང་ཟླ་མཚན་དང་ལྡན་པས་སེམས་ཅན་ཆགས་པར་རིག་སྟེ་སྨྲས་པ། ལྷ་བདག་ལ་སེམས་ཅན་ཞུགས་ལགས་སོ།། རྒྱལ་པོས་དེ་ལ་སེང་རས་གཅིག་དང་སོར་གདུབ་ཀྱི་རྒྱ་བྱིན་ནས། གལ་ཏེ་བུ་མོ་ཞིག་མཆིས་ན་ཁྱོད་ཉིད་ཀྱི་ཡིན་ལ། འོན་ཏེ་ཁྱེའུ་བཙས་ན་སེང་རས་འདི་སྐོན་ལ་སོར་གདུབ་ཀྱི་རྒྱ་མགུལ་དུ་ཐོགས་ཏེ་ངའི་དྲུང་དུ་བཀྲི་ཞིག་ཅེས་སྨྲས་ཏེ་སོང་ངོ་།། ཇི་ཙམ་ན་ཚོང་དཔོན་དེ་དོན་རྣམས་འགྲུབ་སྟེ་རྒྱལ་པོའི་ཁབ་དང་ཉེ་བ་ཞིག་ཏུ་ཕྱིན་ནས་ཆུང་མ་ལ་ཁོ་བོ་ཞག་འདི་ཙམ་དུ་འབྱོར་ཞེས་པའི་ཡི་གེ་བསྐུར་པ་དང་། ཆུང་མས་བསམས་པ། བདག་གིས་ནི་བྱ་བ་མ་ཡིན་པ་འདི་ལྟ་བུ་བྱས་ལ། ཚོང་དཔོན་འོངས་ན་དེ་ལ་ཇི་ལྟར་སྒྲུབ་པར་བྱ་སྙམ་དུ་ཕོངས་པར་གྱུར་ནས་རྒྱུ་མཚན་རྒྱལ་པོར་བསྙད་པ་དང་། དེ་ན་རེ། བག་མ་ཚ་བར་འདུག་ཅིག ཅི་ནས་ཀྱང་མྱུར་དུ་མི་འོང་བ་དེ་ལྟར་ངས་བྱའོ།། རྒྱལ་པོས་ཚོང་དཔོན་ལ་ཕོ་ཉ་བཏང་ནས་དེད་དཔོན་ང་ལ་རིན་པོ་ཆེ་ཆེ་གེ་མོ་དང་ཆེ་གེ་མོ་དག་དགོས་ཀྱི་དེ་རྣམས་མེད་པར་ཁྱོད་འདིར་མ་འོང་ཞིག ཅེས་སྤྲིངས་པ་དང་དེ་རིན་པོ་ཆེ་རྣམས་ཀྱི་དོན་དུ་ཕྱིར་ཡང་ལམ་རིང་བོར་སོང་ཞིང་། ཟླ་བ་དགུ་འདས་པ་ན་ཚོང་དཔོན་གྱི་ཆུང་མ་ལ་ཁྱེའུ་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་ཞིག་བཙས་སོ།། དེས་མར་དང་སྦྲང་རྩིས་གསོས་ཏེ་ཅུང་ཟད་འཚར་བ་ན་སོར་གདུབ་ཀྱི་རྒྱ་མགུལ་དུ་བཏགས་སེང་རས་ཀྱིས་དཀྲིས་སྒྲོམ་བུའི་ནང་དུ་བཅུག་སྟེ། བུ་མོ་མངག་གཞུག་མ་ལ་བསྒོ་བ། སོང་ལ་སྒྲོམ་བུ་འདི་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་གི་དཀྱིལ་འཁོར་བྱོས་ནས་མེ་བུས་ལ་ཕྱོགས་གཅིག་ཏུ་འགའ་ཞིག་གིས་བླང་གི་བར་དུ་སྡོད་ཅིག བྲན་མོས་དེ་བཞིན་དུ་བྱས་པ་དང། ཇི་ཙམ་ན་རྒྱལ་པོ་སྟེང་གི་ཁང་བཟང་གི་གཞིར་གཞོན་ནུ་འཇིགས་མེད་དང་ལྷན་ཅིག་སོང་བས་ཕོ་བྲང་གི་སྒོར་མེ་བུས་པ་མཐོང་བ་དང་།ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་ཕོ་བྲང་གི་སྒོ་ན་མེ་འབར་བ་འོ་ནི་ཅི་ཡིན་ལྟོས་ཤིག དེ་དག་གིས་བལྟས་ནས་སྨྲས་པ། ལྷ་སྒྲོམ་བུ་ཞིག་མཆིས་སོ།། རྒྱལ་པོས་སྨྲས་པ། ལོང་ཞིག གཞོན་ནུ་འཇིགས་མེད་ཀྱིས་སྨྲས་པ། ལྷ་སྒྲོམ་བུ་དེ་ན་ཅི་མཆིས་པ་དེ་བདག་ལ་བསྩལ་པར་ཅི་གནང་། རྒྱལ་པོས་དེ་བཞིན་དུ་བྱའོ་ཞེས་ཁས་བླངས་སོ།། ཇི་ཙམ་ན་སྒྲོམ་བུ་བླངས་ནས་རྒྱལ་པོ་ལ་ཕུལ་བ་དང་། སྨྲས་པ། ཁ་ཕྱེ་ཞིག ཁ་ཕྱེ་བ་ལས་ཁྱེའུ་ཞིག་བྱུང་བ་དང་། ཅི་འདི་གསོན་ནམ་འོན་ཏེ་ཤི་བ་ཞིག ལྷ་གསོན་ལགས་སོ།། དེ་ནས་རྒྱལ་པོས་སོར་གདུབ་ཀྱི་རྒྱ་དང་སེང་རས་ངོ་ཤེས་ནས་གཞོན་ནུ་འཇིགས་མེད་ལ་བྱིན་པ་དང་། དེས་བསྐྱེད་བསྲིངས་གསོས་པས་གཞོན་ནུས་གསོས་ཞེས་གྲགས། ཆེར་འཚར་བ་ན་གཞོན་ནུ་འཇིགས་མེད་ན་རེ། མ་སྐྱེས་དགྲ་ནི་སྦྲུམ་པ་ཉིད་ནས་རྒྱལ་པོར་ལུང་བསྟན་གྱི་བདག་ཅག་བཟོའི་གནས་བསླབས་ཏེ་འཚོ་བར་བྱའོ།། ཞེས་བགྲོས་ཤིང་། ནམ་ཞིག་གཞོན་ནུས་གསོས་ཀྱི་གོས་དཀར་ཅན་མང་དུ་མཐོང་བ་ལས་སུ་ཡིན་དྲིས་པས། ཡབ་ན་རེ། འདི་རྣམས་ནད་ཀྱི་གདུང་བ་སེལ་བའི་སྨན་པ་ཞེས་བྱ་བ་ཤ་སྟག་ཡིན་ནོ་ཞེས་ཟེར་བ་ཐོས་པས་སྔོན་གྱི་བག་ཆགས་ཉིད་ཀྱིས་བདག་ཀྱང་འདི་རྣམས་ཀྱི་རྗེས་སུ་བསླབ་པར་བགྱིའོ།། ཞེས་ཞུས་པས་གནང་སྟེ་སྨན་བསླབས། འོན་ཀྱང་མགོའི་ཐོད་པ་དབྱེ་བའི་དཔྱད་མ་ཤེས་པར་དེ་གྲོང་ཁྱེར་རྡོ་འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བས་ཤེས་སོ་ཞེས་པས་དེའི་རྗེས་སུ་སློབ་པར་འདོད་ནས་རྡོ་འཇོག་གི་རྒྱལ་པོ་པདྨའི་སྙིང་པོ་ལ་ཡབ་ཀྱི་ཡེ་གེ་དང་བཅས་ཏེ་ཕྱིན། དེར་སློབ་དཔོན་གྱིས་ཉུང་ཤས་ཙམ་ལས་མ་བསྟན་ཀྱང་ཁྱད་པར་དང་བཅས་ཏེ་ལོབས། དུས་གཞན་ཞིག་ན་སློབ་དཔོན་གྱིས་འཚོ་བྱེད་ཁྲིད་ནས་ནད་པ་ཞིག་ལ་སྨན་བསླབས་ནས་ལོག་པ་ལ་འཚོ་བྱེད་ཀྱི་བསམ་པ་ལ་མཁན་པོས་ཉེས་ཏེ་སྨན་དེ་ཟོས་ན་མི་འཕྲོད་ཅིང་། འཆི་བར་མཐོང་ནས་མཁན་པོས་བསྟན་པ་ནི་ལེགས་པར་མ་ཡིན་གྱི་ཐབས་ཤིག་བྱའོ་སྙམ་ནས་སླར་ནད་པའི་རྩར་སོང་སྟེ་སློབ་དཔོན་ན་རེ་སྨན་སྔ་མ་དེ་མ་ཟ་བར་ཕྱི་མ་འདི་དང་འདི་ལྟ་བུ་ཟོ་ཞིག་ཅེས་གསུངས་སོ།། ཞེས་ཐབས་མཁས་ཀྱིས་བཟློག་གོ།  ཇི་ཙམ་ན་སློབ་དཔོན་གྱིས་དྲིས་པས་གསོས་ཟེར། ད་དུང་སྨན་འདི་ཉིད་ཐོང་ཞིག་ཐོངས་ཤིགབྱས་པས་སྔ་ཕྱི་གང་ཡིན་ཟེར། ཁོ་བོས་གཉིས་ནི་མ་བསྟན་བྱས་པས། སྔ་མ་ནི་དངོས་སུ་དང་། ཕྱི་མ་ནི་འཚོ་བྱེད་ལས་སོ་ཟེར་བས། སློབ་དཔོན་གྱིས་བསམས་པ། བདག་གིས་ཉེས་ཏེ་འཚོ་བྱེད་ནི་མཁས་པའོ་སྙམ་ནས་འཚོ་བྱེད་ལ་དགའ་བ་སྐྱེས་ཏེ་ཤས་ཆེར་འཚོ་བྱེད་ཉིད་འཁྲིད་པར་བྱེད་དོ།། སློབ་མ་གཞན་རྣམས་ན་རེ་མཁན་པོ་ཁྱོད་རྒྱལ་པོའི་བུའོ་སྙམ་སྟེ་འཚོ་བྱེད་ཁོ་ན་ལ་སྤྲོ་བས་སྟོན་གྱི་བདག་ཅག་རྣམས་ལ་ནི་མ་ཡིན་ནོ།། ཞེས་ཟེར་རོ།། དེ་ལ་མཁན་པོས་འཚོ་བྱེད་ནི་ཤེས་རབ་ཆེ་བ་ཡིན་ཏེ། ངས་གང་བསྟན་པ་དེ་ལས་རྣམ་པར་འབྱེད་ནུས་ཀྱི་ཁྱོད་རྣམས་ཀྱིས་མ་ཡིན་ནོ།། དེ་ལྟར་མཁན་པོས་གང་ལས་མཁྱེན། འོ་ན་མངོན་སུམ་དུ་བྱའོ།། ཞེས་སྨྲས་ནས་ཁྱེད་ཅག་རྣམས་ལྷན་ཅིག་ཏུ་ཚོང་འདུས་སུ་སོང་ལ་རྫས་ཐམས་ཅད་ཀྱི་རིན་ཐང་ཁྱོད་དང་ཁྱོད་ལྟ་བུ་རེ་རེས་དྲིས་ལ་ཤོག་ཅིག་ཅེས་བསྒོས་ནས་བཏང་སྟེ་སླར་འཁོར་ནས་དྲིས་པས་གཞན་རྣམས་ཀྱིས་གང་སྨོས་པའི་རྫས་སྣ་རེའི་རིན་ཐང་མ་གཏོགས་མ་ཤེས། འཚོ་བྱེད་ཀྱིས་རྫས་ཐམས་ཅད་ཀྱི་རིན་ཐང་འཆད་རྒྱུ་བྱུང་ངོ་།། ཡང་སོང་ལ་ཐང་ཤིང་ཅན་གྱི་རི་ནས་སྨན་མ་ཡིན་པ་ལོང་ཞིག་བྱས་ནས་འཁོར་བའི་ཚེ། གཞན་རྣམས་ཀྱིས་སྨན་མ་ཡིན་པ་མང་པོ་ཁྱེར་བྱུང་ལ། འཚོ་བྱེད་ཀྱིས་སྨན་མ་ཡིན་པ་ནི་ཅུང་ཟད་ཀྱང་མེད་དོ་སྙམ་ནས། འོན་ཀྱང་འདམ་བུ་མདའ་རྒྱུའི་རྩ་བ་དང་རྡོ་བའི་དུམ་བུ་ཞིག་བླངས་ནས་ཡོངས་པའི་ལམ་དུ་ཕྱུགས་རྫི་མོས་ཞོའི་བུམ་པ་དང་ཕྲུམ་ཚུད་ཁྱེར་ནས་མཁན་པོའི་དྲུང་དུ་འགྲོ་བ་ལས་མིག་ཤིན་ཏུ་ན་བ་མཐོང་ནས་དེས་དེ་ལ་མདུན་དེ་ཉིད་ན་ཡོད་པའི་སྨན་ཞིག་བསྟན་པས་གསོས་ནས་དགའ་སྟེ་ཞོ་བུམ་ཁྱོད་སྣོམས་ཤིག དེས་ཕྲུམ་ཚུད་བླངས་ཏེ་ཞོའི་བུམ་པ་དེ་ཉིད་ལ་གཏད་ནས་ཕྱིན་པ་ལས་ཇི་ཙམ་ན་རྒྱུན་ཤེས་ཀྱི་བུའི་སློབ་མ་བྲམ་ཟེའི་ཁྱེའུ་རྣམས་ལམ་གྱི་དབུས་ན་གླང་བོ་ཆེའི་རྗེས་ཤིག་མཐོང་ནས་དེ་རྣམས་དེ་ལ་བརྟག་པར་བརྩམས་པ་དང་འཚོ་བྱེད་ཀྱང་འབྱོར་ནས་འདི་གང་གི་རྗེས་ཡིན། གཞན་རྣམས་ན་རེ། གླང་བོ་ཆེའི་རྗེས་སོ།། དེ་ནི་མ་ཡིན་ཏེ། འདི་ནི་བ་ལང་མོའི་རྗེས་སོ།། དེ་ཡང་མིག་གཡས་པ་ཞར་བ། དེ་རིང་ཁོ་ནར་གླང་བོའི་ཕྲུག་ཕྲུགུ་སྐྱེ་བ། དེ་ལ་ཞོན་པའང་བུད་མེད་ཡིན་པ། མིག་གཡས་ཞར་བ། དེ་རིང་ཉིད་དུ་བུ་ཕོ་བཙའ་བར་འགྱུར་བ་ཞིག་གོ། ཞེས་སྨྲས་ནས་སློབ་དཔོན་གྱི་དྲུང་དུ་སླེབས་པ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་སྨན་མ་ཡིན་པར་བསྟན་པ་དང་། མཁན་པོས་འདི་ཐམས་ཅད་ཀྱང་སྨན་ཡིན་ཏེ། འདི་ལ་མིང་འདི་ཞེས་བྱ་བ་དང་། ནད་འདི་དང་འདི་ལ་ཕན་ནོ་ཞེས་རེ་རེ་ནས་སྨྲས་སོ།། འཚོ་བྱེད་ཀྱིས་ཐམས་ཅད་སྨན་ལགས་ཏེ་སྨན་མ་ཡིན་པ་ཅི་ཡང་མ་མཆིས་སོ།། འོན་ཀྱང་འདི་གསུམ་ཁུར་རོ།། འདིས་ཅི་བྱ། དེ་ན་རེ། སྡིག་པས་ཟིན་པ་ལ་མདའ་རྒྱུའི་རྩ་བའི་དུད་པས་བདུགས་ནས་ཕྲུམ་ཚུད་བསླན་པས་ཕན་ཞིང་རྡོའི་དུམ་བུས་ནི་སྟོན་ཀ་ཞོའི་བུམ་པ་ཆགས་པར་འགྱུར་རོ།། ཞེས་སྨྲས་པ་ལས་མཁན་པོ་འཛུམ་བྱུང་བ་ན་གཞན་རྣམས་ཀྱིས་བསམ་པ་མཁན་པོ་འཚོ་བྱེད་ལ་མ་མཉེས་སོ་སྙམ་ནས་སྨྲས་པ། མཁན་པོ་འདི་གཅིག་པུར་བས་དགོངས་སམ། ལམ་དུ་གླང་བོ་ཆེའི་རྗེས་ལ་རིག་པ་མ་ཡིན་པ་འདི་ལྟར་སྨྲས་སོ།། ཞེས་ལོ་རྒྱུས་བསྐྱར་པས། འཚོ་བྱེད་བདེན་ནམ་བདེན་ལགས་སོ།། དེ་ཇི་ལྟར་ཤེས། དེས་མཁན་པོ་བདག་རྒྱལ་པོའི་རིགས་ལས་ཆེན་པོར་གྱུར་པ་ལགས་ན་ཅི་སྟེ་མི་ཤེས། གླང་བོ་ཆེའི་རྗེས་ནི་ཟླུམ་མོ།། བ་ལང་མོའི་རྗེས་ནི་མཆུར་མཆུརིང་ངོ་།། མིག་ཞར་བ་ནི་གཡོན་ཕྱོགས་སུ་རྩྭ་ཟོས་པ་ལས་ཤེས་སོ།། སྦྲུམ་མ་ནི་ལག་པ་བས་རྐང་རྗེས་གཏིང་རིང་བ་ལས། དེ་རིང་ཁོ་ནར་སྐྱེ་བ་ནི་གཅིན་བེའུ་སྣབས་ཅན་ལས། ཕྲུག་ཕྲུགུ་ཕོར་སྐྱེ་བ་ནི་རྐང་པ་གཡས་པའི་རྗེས་གཏིང་རིང་བ་ལས། དེ་ལ་བུད་མེད་ཞོན་པ་ནི་བབས་ནས་ཆུ་བཏང་བའི་རྗེས། དེའི་ཡང་མིག་གཡས་པ་ཞར་བ་ནི་གཡོན་ཕྱོགས་སུ་མེ་ཏོག་འཐུས་པ་ལས། དེ་སྦྲུམ་མ་ནི་རྟིང་བའི་རྗེས་ལྷག་པར་དོད་པ་ལས། དེ་རིང་ཁོ་ནར་བཙའ་བ་ནི་གཅིན་ལྗན་ལྗིན་ཅན་ལས་ཤེས་ཏེ། ཐུགས་མ་ཆེས་ན་དེ་ཉིད་དུ་དྲི་བར་མཛོད་ཅིག ཅེས་སྨྲས་པ་ལྟར་བྲམ་ཟེའི་ཁྱེའུ་ཞིག་བཏང་ནས་དྲིས་པས་ཇི་ལྟ་བར་མཐོང་ནས་མཁན་པོས་གཞན་རྣམས་ལ་སྨྲས་པ་ཐོས་སམ། འཚོ་བྱེད་ནི་འདི་འདྲ་བའི་ཤེས་རབ་ཅན་ཡིན་ནོ།། ཞེས་སྨྲས་ཏེ་ཐོད་པ་དབྱེ་བའི་དཔྱད་མ་གཏོགས་ཐམས་ཅད་བསླབས་སོ།། ཇི་ཙམ་ན་མི་ཞིག་ཀླད་ནད་ཀྱིས་ཐེབས་ནས་མཁན་པོ་ལ་ཞུས་པས། དེ་རིང་དོང་དང་ལྕི་བ་སྟ་གོན་གྱིས་ཤིག་སང་གསངབྱའོ།། དེར་འཚོ་བྱེད་ཀྱིས་ཐོས་ནས་མི་དེའི་རྩར་སོང་སྟེ་བདག་གིས་ཅུང་ཟད་བསླབས་པ་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་ཕྱིར་ཁོ་ན་ཡིན་ན་ཀླད་པའི་ཐོད་པ་དབྱེ་བ་མ་བསླབས་ཀྱི་ཁྱོད་ཀྱིས་བདག་དབེན་པ་ཞིག་ཏུ་ཞོག་ཅིག་དང་ལས་ཇི་ལྟར་བྱེད་པ་བལྟའོ།། དེ་བཞིན་དུ་བགྱིའོ་ཞེས་བཞག་པ་དང་། ཇི་ཙམ་ན་རྒྱུན་ཤེས་ཀྱི་བུ་བྱུང་ནས་དབྱེ་དཔྱད་ཀྱིས་ཐོད་པ་ཕྱེ་ནས་སྐམ་པས་ཀླད་རྒྱ་ན་སྲིན་བུ་ཡན་ལག་དམ་པར་འཆིང་བ་བླང་བར་བརྩམས་པ་དང་། འཚོ་བྱེད་ན་རེ། མཁན་པོ་གཟུ་ལུམས་སུ་མ་བླངས་ཤིག རིགས་ཀྱི་བུ་འདི་དེང་ཉིད་དུ་འགུམ་པར་འགྱུར་རོ་ཞེས་སྨྲས་པས། འོ་ན་ཇི་ལྟར་བླང་བར་བྱ། མཁན་པོ་སྐམ་པ་ཚ་བར་མཛོད་དེ་རྒྱབ་ཏུ་རེག་ན་རྐང་ལག་འཁུམས་པར་གྱུར་པ་དང་བླང་བར་བྱའོ།། ཞེས་པ་ལྟར་བྱས་པས་སྲིན་བུས་ཀླད་པར་ཁ་དང་ཡན་ལག་ཐམས་ཅད་བཏབ་སྟེ་གནས་པ་རྒྱབ་ཏུ་སྐམ་པའི་ཚ་རེག་གིས་མ་བཟོད་པས་སློད་ལྷོདཔ་དང་དལ་བུར་བླངས་པས་གསོས་པར་གྱུར་ནས་ཤིན་ཏུ་མགུ་སྟེ་ཐོད་པ་དབྱེ་བའི་དཔྱད་བྱིན་ནས་ཁོ་བོ་ནི་འདིས་འཚོ་བ་ཡིན་ན་ཁྱེད་ཡུལ་གཞན་དུ་སོང་ལ་དཔྱད་བྱོས་ཤིག་སྨྲས་པས། ཕྱག་བྱས་ཏེ་རྒྱལ་པོ་པདྨའི་སྙིང་པོའི་གན་དུ་ཕྱིན་ནས་འགྲོ་བར་བརྩམས་པ་ན་ཁོ་བོ་དང་མི་མཐུན་པ་མཐའ་འཁོབ་སྐྱབ་སེང་ཐུལ་ལ་སོང་ཞིག དེས་ཁས་བླངས་ནས་ཡན་ལག་བཞིའི་དཔུང་གིས་ཕབ་གཏིའུ་བཟུང་། དཔྱ་ཕུལ་པས་བྱ་དགའ་ཆེན་པོ་གནང་པ་ཐམས་ཅད་མཁན་པོ་ལ་ཕུལ་ནས་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་ཕྱིན་ནོ།། དེར་དབྱར་གནས་ནས་འབྱུང་བོ་ཐམས་ཅད་ཀྱི་སྐད་ཤེས་པའི་བསྟན་བཅོས་བསླབས་ནས་ཆས་པ་ན། ཤིང་ཁུར་བའི་མི་རུས་པ་དང་པགས་པའི་ལྷག་མ་ཅན་ཀུན་ནས་འཛག་པ་ཞིག་མཐོང་ནས་རྒྱུ་མཚན་དྲིས་པས། ཤིང་ཁུར་འདིས་བྱུང་སྟེ་གཞན་ནི་ཁོ་བོས་མི་ཤེས་ཟེར་བ་ལ། ཤིང་བརྟག་པའི་རིག་པས་འབྱུང་བོ་ཐམས་ཅད་དང་བར་བྱེད་པའི་ནོར་བུ་འདུག་པར་མཐོང་ནས། ཁུར་བོ་ཚོངས་ཤིག་རིན་ཇི་ཙམ། ཀཪྵ་པ་ཎ་ལྔ་བརྒྱའོ།། དེས་དེ་སྤྲད་ནས་ནོར་བུ་དེ་བླངས་སོ།། དེའི་ཡོན་ཏན་ནི་ཁྱིམ་ན་རྫས་ཅི་ཡོན་ཡོདམར་མེ་བཏེག་པ་བཞིན་ནད་པའི་མདུན་དུ་བཞག་པ་ཙམ་གྱིས་ནད་ཇི་ལྟ་བ་ཤེས་པ་ཞིག་པས། རིམ་གྱིས་ཡུལ་ཨུ་དུམ་ཝཱ་རར་ཕྱིན་པས་བྲེ་མགོ་ལ་བསྣུན་པ་ཞིག་མཐོང་ནས་དྲིས་པས་ཀླད་པ་གཡའ་ཟེར། དེར་ནོར་བུ་ལ་བརྟེན་ནས་བརྟགས་པས་ཀླད་པ་ལ་སྲིན་བུ་མཐོང་ནས་སྔར་གྱི་དཔྱད་བྱས་པས་གསོས་ཏེ་ཀཪྵ་པ་ཎ་ལྔ་བརྒྱ་ཐོབ་པའང་མཁན་པོ་ལ་བསྐུར་རོ།། དེ་ནས་ཡུལ་རོ་ཧི་ཏ་ཀར་ཕྱིན་པས་ཁྱིམ་བདག་ཅིག་ལ་སྐྱེད་ཚལ་ངོ་མཚར་ཅན་ཞིག་ཡོད་པ་ལ་ལྷག་པར་ཆགས་ནས་ཤི་བ་དེ་ཉིད་དུ་མི་མ་ཡིན་དུ་སྐྱེས་པས་དེར་གནས་པ་མང་དུ་བསད་པ་ལས་ཚལ་དེ་སྤངས་སོ།། ཇི་ཙམ་ན་དམུ་ཆུས་ན་ནས་སྨན་པས་སྤངས་པ་ཞིག་ཚལ་དེར་འཆི་བར་ཕྱིན་པ་དང་། འཚོ་བྱེད་ཀྱང་ནུབ་མོ་དེ་ཉིད་དུ་བསྡད་པ་ལས། དེའི་ཚེ་མི་མ་ཡིན་དེས་ནད་པ་དེ་དེརབསྡིགས་པ་ན་ནད་བདག་དེ་བྱུང་སྟེ་འདི་བདག་གིས་སྔར་ནས་བཟུང་ན་ཁྱོད་ཀྱིས་ཅི་ལ་བསྡིགས། ཁྱོད་ལ་ར་སྤུའི་དུ་བས་ནི་མ་བདུགས། དེ་བདུགས་ན་ཁྱོད་དཔག་ཚད་བཅུ་གཉིས་སུ་འབྲོས་དགོས་པར་མི་འགྱུར་རམ་ཟེར་བས། དེས་ཁྱོད་ལའང་ལ་ཕུག་གིས་གིས་བོན་མར་ཕྱུངས་པའི་དར་བ་དང་སྦྱར་ཏེ་འགའ་ཡང་མ་སྦྱིན། དེས་ནི་ཁྱོད་དུམ་བུ་དུམ་བུ་འཇིག་པར་མི་འགྱུར་རམ། ཞེས་གླེང་བ་ཐམས་ཅད་འཚོ་བྱེད་ཀྱིས་རྟོགས་ནས་ནང་ནངསཔར་ཁྱིམ་བདག་གི་བུ་དང་ནད་པ་གཉིས་ཀ་ལ་ཐབས་དེ་སོ་སོར་བྱས་པས་ཇི་ལྟ་བ་བཞིན་བྱུང་ནས་ཀཪྵ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་བྱུང་བའང་མཁན་པོ་ལ་བསྐུར་རོ།། དེ་ནས་ཡུལ་བཅོམ་བརླག་ཏུ་ཕྱིན་ནས་ཤིང་དྲུང་ཞིག་ན་ངལ་གསོ་བ་ལས། གྱད་གཅིག་གིས་གཅིག་བརྡབས་ནས་ནང་ཁྲོལ་འཁྲུགས་ཏེ་ཤིའོ་ཞེས་ཕྱིར་ཁུར་བྱུང་བ་ན། ཤིང་དེའི་རྩེ་ན་བྱ་རྒོད་མོ་ཕྲུག་ཕྲུགུ་དང་བཅས་གནས་པའི་ཕྲུག་ཕྲུགུ་དག་ན་རེ། ཤ་དགོས་ག་ལ་ཡོང་། གྱད་ཀྱི་རོའོ།།འདི་འཚོ་བྱེད་ཀྱིས་འཚོའོ།། ཇི་ལྟར་ཕྱེ་མས་རེག་ནའོ།། ཞེས་ཟེར་བ་རྟོགས་ནས་ནོར་བུས་བལྟས་ཏེ་གཅེའུས་ཕྱེ་མ་ནང་ཁྲོལ་ལ་རེག་པས་སོས་ཏེ་ཀཪྵ་པ་ཎ་ལྔ་བརྒྱ་རྙེད་པའང་མཁན་པོ་ལ་བསྐུར་རོ།། ཡང་དེ་ཉིད་དུ་ཁྱིམ་བདག་གཅིག་ཆུང་མ་ཤིན་ཏུ་མཛེས་པ་ལ་ཆགས་བཞིན་དུ་ཤི་བ་མངལ་གྱི་སྲིན་བུར་སྐྱེས་ནས་སྐྱེས་པ་སུས་སྤྱད་ཀྱང་འཆི་བར་བྱེད་དོ།། དེ་ན་སུས་ཀྱང་རེག་པར་མ་ནུས་པ་ལ་འཚོ་བྱེད་ལ་བསྟན་པས། སྒྲེན་མོར་པོརཕྱུངས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་བཞག་པ་ལས་སྲིན་བུ་ཤ་ལ་ཆགས་ནས་འོངས་པ་དོར་བས་སོས་སོ།། དེས་ཀྱང་ཀཪྵ་པ་ཎ་ལྔ་བརྒྱ་བྱུང་བ་དེ་ཡང་མཁན་པོ་ལ་བསྐུར་རོ།། དེ་ནས་རིམ་གྱིས་ཆུ་བོ་ཡ་མུན་ནར་ཕྱིན་པ་དང་། མི་རོའི་རྟིང་བ་ལ་ཉས་འཐེན་པས་མིག་འབྱེད་འཛུམ་བྱེད་པ་མཐོང་ནས་རྩ་པྲ་ཐམས་ཅད་བརྟགས་ཏེ་རིམ་པས་ཡངས་པ་ཅན་དུ་ཕྱིན་ནོ།། དེར་གྱད་གཅིག་གིས་གཅིག་གི་གདོང་ལ་ཐལ་མོ་བསྣུན་པས་མིག་དོན་པ་ལ་རྟིང་བའི་རྩ་ནས་དྲངས་པས་ཚུད་དོ།། དེས་ཀཪྵ་པ་ཎ་ལྔ་བརྒྱ་བྱུང་བ་ཐུ་བོ་འཇིགས་མེད་ཀྱི་མ་ཨ་མ་སྐྱོང་མ་ལ་བྱིན་ནོ།། ཡང་དེར་མི་ཞིག་གིས་གིརྣ་བར་སྲིན་བུ་ཞུགས་ནས་ཕྲུག་ཕྲུགུ་བདུན་བརྒྱ་ཙམ་གནས་པས་ཉེན་པ་ལ་བསམས་པ། སྔར་ནི་མཁན་པོས་བསྟན་པ་ལྟར་བྱས། ད་ནི་རང་གིས་བསམས་ལ་བྱའོ་སྙམ་ནས་ལོ་མའི་སྤྱི་སྤྱིལབོར་རས་སྔོན་པོས་གཡོགས། དེའི་འོག་ཏུ་རྔ་བཞག་ནས་ས་ཡང་དྲོ་བར་བྱས་ཏེ་མི་དེ་ས་ལ་བཀལ། ས་རྣམས་ཆུས་ཆག་ཆག་བཏབ་སྟེ་རྔ་བརྡུངས་པས་སྲིན་བུ་རྣམས་ཀྱི་དབྱར་ཞུའོ་སྙམ་ནས་ཕྱིར་ཐོན་པ་ལ་རྣའི་རྩར་ཤའི་དུམ་བུ་བཞག་པས་དེ་ནང་དུ་སོང་ནས་ཐམས་ཅད་བོས་ཏེ་ཟ་བའི་ཚེ་དོར་བས་སོས་ཤིང་ཀཪྵ་པ་ཎ་ལྔ་བརྒྱ་རྙེད་པའང་ཨ་མྲ་སྐྱོང་མ་ལ་བྱིན་ནོ།། དེ་ནས་རིམ་པས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན་མ་སྐྱེས་དགྲས་བསུས་ཀྱང་མ་ཕྲད་པར་སྒོ་གཞན་ནས་ཞུགས། དུས་གཞན་ཞིག་ན་སྐྱེ་བོ་མང་པོས་བསྐོར་ནས་སེམས་གཡེང་ཞིང་སོང་བའི་ཚེ། བྲམ་ཟེ་མིག་ན་བ་ཞིག་གིས་སྨན་ཞུས་པ་ལ་ཞི་སུན་ནས་ཐལ་བ་ཐོབ་བྱས་པ་ལྟར་བཏབ་པས་དེ་སོས་སོ།། ཕྱིས་དེ་དང་མི་གཞན་ཞིག་ཕྲད་པ་ལས་གར་འགྲོ་དྲིས་པས་འཚོ་བྱེད་ལ་སྨན་ཞུར་འགྲོ་ཟེར། དེས་འདིའི་སྨན་ནི་ཐལ་བའོ་ཞེས་སྔར་བཞིན་བཏབ་པས་ལོང་། དེ་ཙམ་ན་ཡབ་རྒྱལ་པོའི་སྤྱི་བོར་ཕོལ་མིག་བྱུང་བ་ལ་སྨན་པ་རྣམས་བསགས་ནས་དཔྱད་གྱིས་ཤིག་པར་བསྒོས་པས། ལྷ་ལགས་སྨན་པའི་རྒྱལ་པོ་འཚོ་བྱེད་ཡོད་བཞིན་དུ་བདག་ཅག་རྣམས་ཀྱིས་ཅི་འཚལ་ཞུས་པས། འཚོ་བྱེད་བཀུག་ནས་དཔྱད་བྱོས་ཤིག དམ་ཞིག་བཅའ་ན་བྱའོ།། བདག་ཉིད་ཀྱིས་ཁྲུས་བགྱིད་ནའོ།། དེ་བཞིན་གྱིས་ཤིག་བྱས་དེས་སྐྱུ་རུ་རས་བཀུད་ཅིང་སྨིན་པར་གྱུར་པའི་རྫས་བཏབ་ནས་དེ་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུག་ནས་སྨིན་པའི་ཚེ་སྤུ་གྲིས་རེག་པ་ཙམ་གྱིས་མ་ཚོར་བར་བརྟོལ། དེ་ནས་འཚོ་བའི་རྫས་བཏབ་ཅིང་དེ་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུག་པས་སོས་ཏེ་སྐྲ་ཡང་མཉམ་པར་གྱུར་ཏོ།། ཁྲུས་དེ་བྱས་མ་ཐག་དཔྱད་གྱིས་ཤིག རེ་ཞིག་བཤོས་གསོལ་ཅིག དེ་ནས་དཔྱད་ཀྱང་གྱིས་ཤིག ལྷ་བགྱིས་ཟིན་ལགས་སོ།། དེ་ཡིད་མ་ཆེས་ནས་ལག་པས་སྙུལ་པས་མ་ཤེས། མེ་ལོང་ལ་བལྟས་པས་ཀྱང་མ་མཐོང་། བཙུན་མོ་ལ་དྲིས་པས་ཀྱང་མ་ཤེས་ནས་ངོ་མཚར་སྐྱེས་ཏེ་བློན་པོ་རྣམས་ལ་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་བསྐུར་ཅིང་། ཐལ་བ་བཏབ་པས་ལོང་བ་དེས་སྨྲས་པ། ལྷ་སྲས་ལ་བྱམས་པས་སམ་མཁས་པས་དབང་བསྐུར། མཁས་པས་ཞེ་ན་ཁོ་བོའི་མིག་ལོང་བས་སོ་ཞེས་པ་ལ། འཚོ་བྱེད་ཀྱིས་ཁྱོད་མིག་གིས་ཀྱང་མ་མཐོང་ངོ་།། དེས་དེམེད་ཀྱང་ཁྱོད་ཀྱིས་བསྟན་པ་ལྟར་གཞན་གྱིས་སོ།། དེའི་ཁམས་ཀྱང་གཞན་ལ་ཁྱོད་ཀྱི་ཁམས་ཀྱང་གཞན་ཡིན་པས་སླད་ནས་འདི་ལྟ་བུ་ཞིག་གྱིས་ཞེས་བསྟན་པ་ལྟར་བྱས་པས་སོས་ནས་སྨྲས་པ། ལྷ་འདི་ནི་ལྷག་པར་མཁས་པས་དབང་བསྐུར་དུ་གསལགསོལ དེ་ནས་གླང་བོ་ཆེ་ལ་སྐྱོན་ཏེ་དཔལ་གྱི་འབྱོར་བ་ཆེན་པོ་ནས་སྨན་པའི་རྒྱལ་པོ་ཆེན་པོར་དབང་བསྐུར་རོ།། ཡང་རྒྱལ་པོའི་ཁབ་ན་སྨན་པ་ཕལ་གྱིས་སྤངས་པའི་སྐྲན་ནད་པ་ཞིག་ཡོད་པ་དེས་འཚོ་བྱེད་དཔྱད་མཛད་དུ་གསོལ། དེ་ནས་སྨན་འདི་ནི་རྙེད་དཀའོ་བྱས་པས་འདིས་ཀྱང་སྤངས་སོ་སྙམ་ནས་དུར་ཁྲོད་དུ་སོང་བ་དང་དེ་ན་རོ་བསྲེགས་པའི་མེ་འབར་བའི་ནང་ན་ནེའུ་ལེ་དང་སྲོག་ཆགས་གོ་དྷ་ཙན་དན་འཐབས་པ་ལྷུངས་པའི་ཤ་ཟོས་ཏེ། དུར་ཁྲོད་ཀྱི་འོང་བའི་ཆུ་འཐུངས་ནས་གནག་ལྷས་ཀྱི་ཀོ་དྲའི་ཆན་དང་མར་ཕྱུང་བའི་ཞོ་འཐུངས་པས་སྐྲན་བརྡོལ་ཏེ་འཁྲུ་སྐྱུག་བྱུང་ནས་སོས་སོ།། རེ་ཞིག་ན་བཙུན་མོ་ལུས་འཕགས་མའི་འདོམས་སུ་ཕོལ་མིག་བྱུང་བ་ལ། རྒྱལ་པོས་མ་གཡར་མའི་དཔྱད་བྱོས་ཤིག དེས་ཟན་སླ་མོའི་ཁར་འདུག་ཏུ་བཅུག་པས་མཐོང་ནས་སྨིན་པའི་སྨན་བཏབ་སྟེ་ཟན་ལ་བཙག་གཙགསབུ་བཙུགས་ནས་སྔར་བཞིན་སྡོད་དུ་བཅུག་པས་བརྡོལ་ཏེ་བསྐ་བའི་ཆུས་བཀྲུས་ནས་འཚོ་སྨན་བཏབ་པས་སོས་སོ།། རྒྱལ་པོས་དེ་ལ་དཔྱད་བྱས་སམ། ལྷ་བྱས་སོ།། གཅེར་མོར་མ་བལྟས་སམ། མ་བལྟས་ཏེ་རྒྱུ་མཚན་བཤད་པས། མགུ་ནས་ཡང་དབང་བསྐུར་ཅིག སྐྲན་ནད་པས་སྔར་བཞིན་སྨྲས་པས། འཚོ་བྱེད་ཀྱིས་ངས་དཔྱད་ནི་མ་བྱས། སྨན་རྙེད་དཀའོ་བྱས་རྙེད་དཀའ་བ་གང་ཡིན། འཚོ་བྱེད་ཀྱིས་མར་ངོའི་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཤི་བའི་རོ་དུར་ཁྲོད་དུ་བསྲེགས་པ་ལ་སོགས་སྔར་བཞིན་སྨྲས་པས། ཤིན་ཏུ་ལེགས་ཏེ་དེ་བཞིན་བགྱིས་སོ་ཞེས་མགུ་ནས་ལྷ་དེ་བཞིན་རྔོ་ཐོག་གི་དབང་བསྐུར་དུ་གསོལ།སླར་ཡང་སྔར་བཞིན་ནོ།། གང་གི་ཚེ་མ་སྐྱེས་དགྲ་ལྷས་བྱིན་གྱིས་བསྐུལ་ནས་ཕ་བསད་པའི་རྗེས་སུ་སྐྲན་ནད་ཀྱིས་ཐེབས་སོ།། སྨན་པ་ཀུན་བསགས་ཀྱང་དེ་རྣམས་ཀྱིས་རྔོ་མ་ཐོགས་ནས་འཚོ་བྱེད་ཀྱིས། གཞོན་ནུ་འཆར་བྱེད་བཟང་པོའི་ཤ་གསོལ་ནའོ།། དེས་ཁྱོད་རྒྱལ་སྲིད་འདོད་དམ། འདི་མིན་པའི་དཔྱད་མེད་དོ།། རང་ལས་འཕངས་པ་མེད་པས་ཁས་བླངས་སོ།། དེའི་ཚེ་བུ་སྦས་ནས་མི་ཤ་གཞན་བཙོས་ནས་བྱིན་པས་ཟ་བར་བརྩམས་པའི་ཚེ་ཕྲོགས་ནས་ཀླད་ལ་རྒྱབ་སྟེ། སྔར་ཕ་བསད་ད་བུ་ཤ་ཟ་བའི་གླེན་པ་ཞེས་སྨད་པས་མི་བཟོད་པ་སྐྱེས་པས་རྡོལ་ཏེ་འཁྲུ་སྐྱུགས་ཀྱི་སྒོ་ནས་སོས་ཤིང་བུ་གཏད་པས་ཆེས་དགའ་བས་དབང་གསུམ་པ་བསྐུར་རོ།།དེའི་ཚེ་ཁོ་བོ་དང་མཉམ་པའི་འཚོ་ཐབས་པ་མེད་སྙམ་པའི་ཁེངས་པ་སྐྱེས་ནས། ལུས་ཀྱི་དཔྱད་བྱེད་པའི་མཆོག་ནི་ཁོ་བོ་ཡིན་ལ། སེམས་ཀྱི་དཔྱད་བྱེད་པའི་མཆོག་ནི་སངས་རྒྱས་ཡིན་སྙམ་སྟེ་སངས་རྒྱས་ཀྱི་སྤྱན་སྔར་སོང་ངོ་།། དེ་ཅི་ཙམ་ཉན་ཡང་བདེན་པ་མ་མཐོང་། རྒྱུ་དེ་མཁྱེན་ནས་རིའི་རྒྱལ་པོ་གངས་ཅན་ལ་སོང་བས་སྨན་ཅི་འདོད་པ་ལོང་ཞིག འཇིགས་སོ་ཞེས་པ་ལ་ལག་ན་རྡོ་རྗེ་དང་མཉམ་དུ་སོང་ལ་ལོང་ཞིག དེས་དེ་བླངས་ནས་དྲུང་དུ་སླེབས་པའི་ཚེ། འཚོ་བྱེད་དེ་ཅི་ཡིན་གསུངས་པ་ལ་ཕལ་ཆེར་ཤེས་ཀྱང་གཞན་མང་རབས་ཀྱིས་མིང་ཙམ་ཡང་མ་ཤེས་པ་ལ། སངས་རྒྱས་ཀྱིས་མིང་དང་ཕན་ཡོན་སོགས་གསུངས་པས་བཅོམ་ལྡན་འདས་ཀྱིས་སྨན་དཔྱད་ཀྱང་མཁྱེན་ལགས་སམ། ཞེས་ཞུས་པས་བཀའ་བསྩལ་པ། འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་ནི་རྒྱལ་པོ་ལ་འོས་པ། རྒྱལ་པོ་ལ་མཁོ་བ་རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོའོ།། བཞི་གང་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན། སྤང་བ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་། ནད་འདི་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ།། ནད་ཀུན་ནས་སློང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་འདི་ནི་རླུང་བས་ཀུན་ནས་བསླང་བའམ། མཁྲིས་པས་ཀུན་ནས་བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་པའམ། གཞན་ལས་གྱུར་པའམ། འདུས་པ་ལས་གྱུར་པའོ།། ཞེས་དེ་ལྟར་ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན་ནོ།། ནད་བྱུང་བ་སྤོང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་མིག་སྨན་ནམ། བསྐུ་མཉེ་འམ། སྐྱུགས་སྨན་ནམ། སྣར་བླུག་པའམ། དུ་བས་བདུག་པའམ། ནར་རྩིའི་ལས་ཀྱིས་སྤོང་བར་འགྱུར་རོ།། ཞེས་དེ་ལྟར་ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན་ནོ།། ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འཕྲོད་པའི་ཆོ་ག་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱས་ཏེ་སྤངས་ན་ཕྱིས་མི་འབྱུང་ངོ་།། ཞེས་དེ་ལྟར་ནད་སྤངས་པས་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། དེ་ལྟར་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་རྒྱལ་པོ་ལ་འོས་པ་ཡིན། རྒྱལ་པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བཞི་དང་ལྡན་པའང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ།། འཚོ་བྱེད་བཞི་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནོ།། འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ།། རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ།། འཚོ་བྱེད་དེ་དེ་བཞིན་གཤེགས་པ་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ།། རྒ་བ་ནས་འཁྲུགས་པའི་རྩ་བ་ཅན་གྱི་བར་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ།། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ།། ཞེས་པའི་ཆོས་ཀྱི་རྣམ་གྲངས་བསྟན་ཅིང་། སྟོན་པའི་ཞལ་སྒོ་ནས་འོད་ཟེར་འཕྲོས་པས་ཨོ་རྒྱན་གྱི་ཡུལ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཁྱབ། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་དངོས་སུ་བྱོན་ཏེ་འཚོ་བྱེད་གཞོན་ནུར་རྒྱུད་གསུང་བའི་དུས་འཁོར་དུ་ཡོད་པས་ལུང་སོགས་མ་དགོས་ཀྱང་གླེགས་བམ་གཏད།སྟོན་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་རྣམ་ཐོས་སྲས་ཀྱི་བུར་སྐྱེས་པ་རྒྱལ་བ་ཁྱུ་མཆོག་གམ་ཞང་བློན་རྡོ་རྗེ་བདུད་འདུལ་བཀུག་སྟེ་རྒྱུད་བཞིའི་སྲུང་མར་བསྐོས། འདི་ལ་ཆོས་འཁོར་རིམ་པ་གསུམ་དུས་ལ་སྦྱར་བ་དང་རྟོགས་དཔྱོད་མཁན་པོས་བརྟགས་ན་སྔ་ཕྱི་མི་མཚུངས་པའི་དོགས་པ་སྐྱེ་སྲིད་དེ། དོན་དམ་པར་ཆོས་འཁོར་རིམ་གསུམ་ཅིག་ཅར་དུ་གསུངས་པ་དང་། སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་དུ་སོ་སྐྱེས་འཁྲུལ་རྟོག་གི་ཀླན་ཁ་མི་འཚལ་ལ། དུས་དེར་འཚོ་བྱེད་གཞོན་ནུས་བསྐྱེད་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་པ་སྐྱེས་སོ།། དེ་ནས་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་ཆོས་མཐོང་བ་དང་ཐོས་པ་དང་། ཆོས་ཀྱི་གཏིང་སླེབ་པ་དང་། སོམ་ཉི་དང་ཐེ་ཚོམ་ལས་བརྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བཀྲིསབ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ནི་འཕགས་སོ།། མངོན་པར་འཕགས་སོ།། བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། བདག་དགེ་བསྙེན་དུ་བཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྡོས་ཏེ་སྐྱབས་སུ་མཆི་ལགས་སོ་ཞེས་གསོལ་བ་སོགས་བདེན་པ་མཐོང་། དེའི་ཚེ་རིའི་རྒྱལ་པོ་གངས་ཅན་རྟག་ཏུ་ཁ་བས་གཡོགས་ཤིང་ལྷགས་པ་ཆེ་བས་བཅོམ་ལྡན་འདས་གྲང་ནད་ཀྱི་བསྙུན་གྱིས་ཐེབས་པ་དང་། འཚོ་བྱེད་ཀྱིས་བསམས་པ། དཔེར་ན་འཁོར་ལོས་སྒྱུར་བསྒྱུརཔའི་རྒྱལ་པོ་ལ་བྱེད་པ་བཞིན་བཅོམ་ལྡན་འདས་ཀྱི་རིམ་གྲོ་བདག་ཉིད་ཁོ་ནས་བྱའོ་སྙམ་མོ།། དེ་ནས་མེ་ཏོག་ཨུཏྦལ་སུམ་ཅུ་རྩ་གཉིས་དང་བཀྲུ་སྨན་གྱི་རྫས་སྦྱར་ནས་ཕུལ་ཏེ་འདི་རྣམས་ཤངས་ཀྱི་བསྣམས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བསྣམས་པ་ལས་ཐེངས་སུམ་ཅུ་རྩ་གཉིས་ལ་འཁྲུས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཅི་དགར་ལེགས་པར་འཁྲུས་ལགས་སམ། བཀའ་བསྩལ་པ། འཚོ་བྱེད། སྐྱོན་གང་དག་གཡོས་ལ་མ་འཁྲུས་པ་དག་ཀྱང་ཡོད། འཁྲུས་ལ་མ་གཡོས་པའང་ཡོད། འཁྲུས་ལ་གཡོས་པའང་ཡོད། མ་འཁྲུས་མ་གཡོས་པ་དག་ཀྱང་ཡོད་དོ།། གསོལ་པ་དེ་ལྟ་ན། བུ་རམ་དང་ཨ་རུ་ར་གསོལ་ལ་འཁྲུ་བའི་རིམ་པ་ཡང་མཛོད་ཅིག དེས་དེ་བཞིན་མཛད་པས་སྙུན་དྭངས་པར་གྱུར་ཏོ།། འཚོ་བྱེད་ཀྱི་ཀུན་ཏུ་སྤྱོད་པ་ནི་རྒྱལ་པོའམ་བློན་པོའམ་གང་སུའི་དཔྱད་བྱས་ཀྱང་རུང་སྟེ། དེས་དེ་ལ་གྲོང་ངམ་མཆོག་སྦྱིན་པར་བྱེད་པ་ཡིན་ནོ།། དེ་ནས་འདུལ་བ་ཕྲན་ཚེགས་ཀྱི་བམ་པོ་ཉི་ཤུ་རྩ་གསུམ་པ་དང་ཉེར་བཞི་པ་ལས་འབྱུང་བའི་ལོ་རྒྱུས་སུ། ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཅོམ་ལྡན་འདས་དང་དུས་མཉམ་དུ་སྐྱེས་ཤིང་དེའི་ཚེ་སངས་རྒྱས་ཀྱི་མཐུས་འཇིག་རྟེན་འོད་ཀྱིས་སྣང་བར་བྱས་པ་རང་གི་བུའི་ལྟས་སུ་གོ་སྟེ་རབ་སྣང་ཞེས་བཏགས་པ་དབང་པོ་ལྔ་དང་ཉེ་དབང་ལྔ་དང་ཉིན་ཞག་གཅིག་ལ་དཔག་ཚད་བརྒྱའི་ས་ཆོད་པ་གླང་བོ་ཆེ་འདམ་བུའི་རི། བརྒྱད་ཅུ་ཆོད་པ་གླང་མོ་བཟང་ལྡན། བདུན་ཅུ་ཆོད་པ་རྔ་མོ་རྒྱ་མཚོའི་རྐང་། ལྔ་བཅུ་ཆོད་པ་རྟ་གོས་མགྲིན། ཉི་ཤུ་ཆོད་པ་འཕར་མ་བ་ཁྭ་སྟེ་ཡན་ལག་མཆོག་ལྔ་ལ་སོགས་པ་ཕུན་སུམ་ཚོགས་ཀྱང་ནད་དུ་གཉིད་མེད་ཅིང་མར་ལ་སྡང་བ་ཆང་ལ་དགའ་བ་ཞིག་པས། དེ་ལ་སྨན་པ་རྣམས་ཀྱིས་རྫས་ཀྱི་ཁྱད་པར་སྣ་ཚོགས་པ་མར་དང་སྦྱར་ཏེ་བླུད་པར་བརྩམས་པའི་ཚེ་མི་འཐུང་ཞིང་། མར་གྱི་མིང་ཙམ་འབྱིན་པ་དེ་དང་། ནམ་གྱི་ཐུན་དང་པོ་བཙུན་མོ་རྣམས་དང་རྩེ། གཉིས་པ་རྟ་དང་གླང་བོ་རྣམས་ལ་བལྟ། ཐུན་གསུམ་པར་མེལ་ཚེ་བ་རྣམས་ལ་འབོད་ཅིང་ལན་མ་ལོན་པ་དེའི་མགོ་བོ་གཅོད་པར་བྱེད་པས་གཏུམ་པོ་རབ་སྣང་ཞེས་བྱ་བར་གྲགས་སོ།། དེ་གཉིད་མེད་པས་ཐམས་ཅད་ཀྱིས་རེ་རེསམོས་སུ་མེལ་ཚེ་བགྱིད་དགོས་པ་ལ། སྤོས་ཚོང་གི་ཁྱེའུ་ཞིག་ལ་བབ་པས་གཉིད་དུ་སོང་སྟེ་ལན་མ་ལན་ན་བསད་དོགས་ནས་ས་འཛིན་པ་ཞིག་ཀཪྵ་པ་ཎ་ལྔ་བརྒྱས་བརྔན་ནས་ཚབ་ལ་བཏང་། དེ་མཁས་པ་ཞིག་པས། འུག་པ་ཁྲུང་ཁྲུང་མུནྫ་དང་།། ནག་མོ་སྲེག་པ་བུམ་པ་དང་།། ལན་ཚ་ཚྭཕྱེ་དང་ཤི་བ་དང་།། དོང་ཐགས་རྫ་མ་སྡིག་པའོ།། ཞེས་པའི་བསྡོམས་དང་མཐུན་པར་སྲོག་ཆགས་འུག་པ་སྒྲོ་དང་བཅས་པ་དང་སྒྲོ་མ་མཆིས་པར་སྲང་ལ་གཞལ་ན་མཉམ་པ། ཁྲུང་ཁྲུང་གིས་ཆུ་དང་འོ་མ་བསྲེས་པ་ལས་འོ་མ་འཐུང་ཞིང་ཆུ་འདོར་བ། རྩ་མུཉྫ་ཐོ་བས་བརྡུངས་པ་དང་མ་བརྡུངས་པ་སྲང་ལ་བཅལ་ན་ལྕིད་མཉམ་པ། སྤྲ་མགོ་ནག་མོ་ལ་ལུས་ཇི་ཙམ་པ་དེ་ཙམ་གྱི་མཇུག་མ་ཡོད་པ། སྲེག་པའི་གཤོག་པ་ལ་སྒྲོ་བཀྲ་བ་དང་མི་བཀྲ་བ་ཆ་མཉམ་དུ་ཡོད་པ། བྱེ་མ་བུམ་པ་གང་གི་ནང་དུ་ཆབ་བུམ་གང་བླུགས་ཀྱང་ཤོང་བ། ལན་ཚ་ཚྭཕུལ་གང་གི་ནང་དུ་ཆུ་ཕུལ་གང་བླུག་ཀྱང་མང་དུ་མི་འགྲོ་བ། ཕྱེ་གཞིབ་ཕུལ་གང་གི་ནང་དུ་ཆབ་ཕུལ་གང་བསྩལ་ཀྱང་སླ་བ་དང་གར་བར་མི་འགྱུར་བ། ཤི་བ་དང་མ་ཤི་བ་ལྕིད་མི་མཉམ་པ། དོང་བྲུས་པའི་ས་དེ་ཉིད་དུ་མི་ཤོང་བ། ཐ་ག་པས་ཉིན་མཚན་དུ་གོས་བཏགས་པ་དང་རྫ་མཁན་གྱིས་ཉིན་མཚན་དུ་སྣོད་བགྱིས་པ་གང་མཆིས་མི་འཚལ་བ་སོགས་ཀྱི་རྒྱུ་མཚན་ཁུངས་དང་བཅས་པའི་སྒྲུང་གིས་རྒྱལ་པོ་དགའ་བར་བྱེད་དོ།། མཇུག་ཏུ་དེ་ལྟར་ཁྱོད་ཀྱིས་ཐམས་ཅད་ཤེས་ན་ང་གཉིད་མེད་པའི་རྒྱུ་མཚན་ཅི་ཡིན། མ་འཇིགས་པ་སྩོལ་ནའོ།། སྦྱིན་ནོ།། སྡིག་པ་ལས་སྐྱེས་པའི་རྒྱུ་མཚན་གྱིས་སོ།། གང་ལས་ཤེས་མངོན་སུམ་དུ་བྱའོ་ཞེས་སྨྲས་ནས། ས་དོང་དུ་བ་ལང་གི་ལྕི་བ་སྐམ་པོས་བཀང་བའི་སྟེང་དུ་རྒྱལ་པོའི་མལ་བཅས་ནས་ཉལ་མ་ཐག་གཉིད་ལ་སོང་ངོ་།། སད་ནས་དེ་ལྟར་ཡིན་པ་ཤེས་ཀྱང་ཡུམ་ལ་དྲིས་པས་མི་འཇིགས་པ་སྩོལ་ནའོ།། དེ་ལྟར་བགྱིའོ་གསུངས་ཤིག ཁྱེད་ཀྱི་ཡབ་བཙུན་མོའི་འཁོར་རྒྱ་ཆེན་པོ་དང་ལྡན་པས། དེ་ལྗོངས་གཞན་དུ་སོང་བ་ན། བདག་ཟླ་མཚན་དང་ལྡན་པའི་དུས་སུ་ཁྲུས་བྱེད་པའི་ཚེ་སྡིག་པ་ཞིག་མཐོང་བ་ལ་འདི་ཕོ་ཞིག་ཡིན་མཆིས་ན་འདོད་པ་སྤྱོད་པའི་བློ་སྐྱེས་པ་ལ་དེ་ལས་དབང་གིས་སྐྱེས་པ་འདྲ་བར་གྱུར་ནས་འདོད་པ་སྤྱད་པས་ཁྱོད་སྐྱེས་སོ།། རྒྱལ་པོས་བསམས་པ། ས་འཛིན་པ་དེ་མཁས་པ་ཞིག་པས་དེས་གཞན་ལ་སྨྲ་འོང་། མི་འཇིགས་པ་བྱིན་པས་བསད་དུ་མི་རུང་ཡང་གཞན་དུ་དབྱུང་ངོ་སྙམ་ཀཪྵ་པ་ཎ་ལྔ་བརྒྱ་བྱིན་ཏེ་བསྐྲད་དོ།། དེ་ནས་ནད་དེ་གཞི་ཆེར་གྱུར་པ་ལ་སྨན་པ་རྣམས་བསགས་ནས་དཔྱད་གྱིས་ཤིག་པར་བསྒོས་ཀྱང་། དེ་རྣམས་ན་རེ། ངེད་ཅག་རྣམས་ཀྱིས་རྔོ་མི་ཐོགས་ཀྱི། རྒྱལ་པོའི་ཁབ་ན་གཟུགས་ཅན་སྙིང་པོའི་བུ་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་ཡོད་ཀྱི་དེས་རྔོ་ཐོགས་སོ།། དེས་ཡི་གེ་སྤྲིངས་ཏེ་འཚོ་བྱེད་འགྲོ་བར་བརྩམས་པ་ན། འཕར་མ་བའམ་བང་ཆེན་པ་ལ་ན་ལུགས་དྲིས་ཏེ་ཆང་གི་དྲི་རོ་ཁ་དོག་ཡོད་པའི་མར་སྦྱར་ཏེ་ཁུར་ནས་ཕྱིན་ནོ།། ལམ་གྱི་ཡུལ་ཀ་ནྱ་གུ་པ་ཛར་སྨན་པའི་ཁྱེའུ་ཞིག་ཡོད་པ་དེ་དང་ཕྲད། འཚོ་བྱེད་ལ་ཨ་རུ་ར་གཅིག་ཕུལ། རྒྱལ་པོ་གཏུམ་པོ་རབ་སྣང་ནད་ཅི་ཞིག་གིས་ཐེབས། སྨན་པ་དེས་སྨྲས་པ། གཉིད་མེད་པའི་ནད་ཀྱིས་ཐེབས་ཏེ་དེ་ལ་མར་ཕན་ན། རྒྱལ་པོ་ནི་ཆང་ལ་དགའ་ཞིང་མར་ལ་སྡང་བས་མདུན་དུ་མར་གྱི་མིང་འབོད་པ་དེ་ཡང་མགོ་གཅོད་པས་བདག་ཅག་གིས་དེའི་དཔྱད་རྔོ་མ་ཐོགས་ཞེས་སྨྲས་པ་དང་། འཚོ་བྱེད་ན་རེ། དེའི་ཕྱིར་ངས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་བྲོ་བའི་མར་སྐོལ་ཏེ་ཁྱེར་འོངས་པ་འདི་ཡིན་པས། ངས་ཁྱོད་ལ་བརྡ་བྱས་པ་དེའི་ཚེ་མར་འདི་ཙམ་ཞིག་བྱིན་ལ་ཅུང་ཟད་ཁྱོད་ཀྱིས་རིམ་གྲོ་བྱོས་ཤིག་སོགས་བསླབས་ཏེ་མཉམ་པོར་འཕགས་རྒྱལ་དུ་སོང་ངོ་།། སླེབ་པ་ན་གཏུམ་པོ་རབ་སྣང་གིས་བཀུར་སྟི་ཡང་དག་པས་ནང་དུ་བོས་ནས་དཔྱད་གྱིས་ཤིག་ཟེར་ཏོ།། དེ་ལ་འབྲོས་པ་གོམས་སུ་འཇུག་པའི་ཆེད་དུ་སྨན་དཀོན་པ་འཚོལ་པ་ལྟར་བྱས་ནས། ཉིན་ཞག་གཅིག་ལ་དཔག་ཚད་བརྒྱད་ཅུར་བགྲོད་པའི་གླང་མོ་བཟང་ལྡན་ལ་ཞོན་ཏེ་སྔ་ཕྱི་ཅི་རིགས་པའི་ཚུལ་གྱིས་སླེབ་པར་བྱས་ནས་མཐར་སྨན་པའི་ཁྱེའུ་ལ་བརྡ་བྱས་ནས་ཁྲུས་མཛོད་ཅིག གདུགས་ཚོད་གསོལ་ཅིག བདག་གིས་འཁུར་བའི་སྐྱེམས་ཤིག་ཅེས་བྱས་ནས་བྲོས་སོ།། དེ་འཐུང་མ་ཐག་གཉིད་དུ་སོང་ནས་ནམ་ཕྱེད་ན་སད་པའི་ཚེ་མར་གྱི་སྒྲེག་སྒྲེགསཔ་བྱུང་ནས་མི་དགའ་བས་གསོད་པར་བརྩམས་པ་ན་བྲོས་པར་ཤེས་ནས་འཕར་མ་པ་ཁ་ཞེས་པ་ཉིན་ཞག་གཅིག་ལ་དཔག་ཚད་ཉི་ཤུ་ཆོད་པ་དེ་ཉིན་ཞག་གཅིག་ལ་དཔག་ཚད་བརྒྱ་ཚོད་ཆོདཔའི་གླང་བོ་ཆེ་ལ་བསྐྱོན་ནས་འཚོ་བྱེད་དད་དེདལ་སྒྱུ་མ་མཁན་དེས་ཁྱོད་ལ་ཅི་བྱིན་ཀྱང་མ་ལེན་པར་སྐེ་ནས་ཐོགས་ལ་ཁྲིད་ཤོག་བསྒོས་སོ།། ཟིན་ལ་ཁད་པ་ན་གླང་མོའི་ཆུ་བཏང་བའི་དྲིས་ཅུང་ཟད་ཐོགས་སོ།། དེ་ནས་སྐྱུ་རུ་རའི་ཚལ་ཞིག་ཏུ་ཟིན་ནས་ཁྲིད་པར་བརྩམས་པ་ན། ཁ་ཅི་རིངས་རེ་ཞིག་སྐྱུ་རུ་ར་ཟོ་ཞིག ལྷའི་གསུང་གིས་ཅི་བྱིན་ཀྱང་མ་ཟ་ཟེར་བས་སོ།། དེ་ལྟར་ན་ཕྱེད་ཕྱེད་ཟའོ་བྱས་ནས་སེན་མོ་འཁྲུ་སྨན་གྱིས་བཀང་བས་བཅད་ནས་བྱིན་པས་ཤིན་ཏུ་འཁྲུས་ནས་རི་བོར་བོཞིག་ཏུ་བཞག་སྟེ། འདི་རྣམས་རྒྱལ་པོའི་མཆོག་གསུམ་ཡིན་པས་རིམ་གྲོ་འདི་དང་འདི་ལྟ་བུ་གྱིས་ལ་ཕུལ་ཞིག གཞན་དུ་ཁྱོད་རྣམས་འཕུང་བར་འགྱུར་རོ་བྱས་ནས་རྒྱལ་པོའི་ཁབ་ཏུ་སོང་ངོ་།། གཏུམ་པོ་རབ་སྣང་འཚོ་བྱེད་ཀྱིས་སྦྱར་བའི་མར་གྱི་ཁུ་བ་དེས་གཉིད་མེད་པའི་ནད་གསོས་སོ།། ཁྭ་དེ་མཛེ་ཅན་ཞིག་ཡིན་པ་གསོས་ནས་ལོག་པའི་ཚེ་རྒྱལ་པོའང་ནད་དེ་ལས་གྲོལ་ནས་དྲིས་པས། བྲོས་སོ།། མ་ལེགས། ལྷ་ཟིན་ན་ཅི་བགྱི། གསོད་དོ།། ཅི་ངེད་རང་གཉིས་ཀ་གསོས་པར་བྱས་པ་མ་ཡིན་ནམ། འོ་ན་ཅི་བྱ། བྱ་དགའ་སྟེར་མོད། ལེགས་ཏེ་དེ་བཞིན་བགྱིའོ་ཞེས་བྱས་ནས་ནོར་མང་པོ་སྤྲིངས་པ་ན། འཚོ་བྱེད་ཀྱིས་ཁོ་བོ་ལ་ནོར་ཡོད་ཀྱི། སྨན་པའི་ཁྱེའུ་ལ་གནང་པའི་རིགས་སོ།། དེས་སྨན་པའི་ཁྱེའུ་ལ་བྱ་དགའ་ཆེན་པོ་བྱིན་ཅིང་འཚོ་བྱེད་ལའང་ཀཪྵ་པ་ཎ་བརྒྱ་སྟོང་རི་བའི་རས་ཡུག་པོ་ཆེ་བྱིན་ནོ།། དེའང་བཅོམ་ལྡན་འདས་ལ་ཕུལ་ནས་ན་བཟའ་ཆོས་གོས་གསུམ་དང་། ཀུན་དགའ་བོའི་བླ་གོས་མཐང་གོས། སྒྲ་གཅན་ཟིན་གྱི་རལ་ཆུང་དཔུང་ཆད་གཅིག་རྣམས་བྱས། ཡང་དེའི་ཚེ་དགེ་སློང་གཞོན་ནུ་ཞིག་ཁ་ཟས་དང་སྤྱོད་ལམ་ཉེས་པས་འབྲས་ཞེས་བྱ་བའི་ནད་ཀྱིས་བཏབ་སྟེ་སྡུག་བསྔལ་འཚོ་བྱེད་ཀྱིས་བརྟོལ་པས་ཞི་བར་གྱུར། བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ཀ་ཏ་གནས་པ་ལ་བཞུགས་དུས་ཀུན་དགའ་བོའི་སྤྱི་བོར་ཕོལ་མིག་བྱུང་བ།འཚོ་བྱེད་ལ་དཔྱད་བྱོས་ཤིག་པར་བཀའ་བསྩལ་པ་ལྟར། ཀུན་དགའ་བོ་བཅོམ་ལྡན་འདས་ལ་ཆོས་ཉན་པའི་ཚེ་ཕོལ་མིག་སྨིན་པར་གྱུར་པའི་རྫས་དག་བསྐུས་ནས་གྲལགྲོལ དེ་ཉིད་དུ་ནད་པ་ལ་ཚོར་བའི་ཟུག་རྔུ་ཏིལ་འབྲུ་ཙམ་མེད་པར་གསོས། སྐབས་ཤིག་བཅོམ་ལྡན་འདས་སྙུན་གྱིས་ཐེབས་ནས་འཚོ་བྱེད་ལ་བཀའ་བསྩལ་པ་དང་། དེས་བསམ་པ་བཅོམ་ལྡན་འདས་ནི་རྡོ་རྗེའི་སྐུ་མངའ་ལ་སྐུ་ཆེ་བ་ཡིན་པས་སྐྱེ་བོ་ཕལ་བ་ལྟ་བུའི་ཉུང་དུས་ནི་གདང་མི་ནུས་སོ་སྙམ་སྟེ་མར་སྲང་སུམ་ཅུ་རྩ་གཉིས་ལ་སྦྱར་བའི་སྨན་མར་ལྕགས་མདའ་ཕུལ་བཞེས་ཏེ་སྙུན་ལས་གྲོལ་པ་དང་། ལྷས་བྱིན་གྱི་བསམ་པ་བདག་གིས་ཀྱང་དེ་བཞིན་དུ་བཏང་ངོ་སྙམ་ནས་འཚོ་བྱེད་ལ་དྲིས་པ། འཚོ་བྱེད་དགེ་སྦྱོང་གོའུ་ཏ་མས་མར་ཇི་ཙམ་གྱི་ཚད་གསོལ། མར་སྲང་སུམ་ཅུ་རྩ་གཉིས་སོ།། འོ་ན་ཁོ་བོས་ཀྱང་དེ་ལྟར་འཐུང་ངོ་།། འཚོ་བྱེད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ནི་རྡོ་རྗེའི་སྐུ་མངའ་ལ་སྐུ་ཆེ་བ་ཡིན་པའི་པསཇི་ཙམ་ཡང་འཇུ་བར་སྤྱོད་ཀྱི། ཁྱོད་ཀྱིས་ནི་འཇུ་བར་མི་ནུས་སོ།། དེས་སྨྲས་པ། ཁོ་བོ་ཡང་རྡོ་རྗེའི་ལུས་ཅན་ཡིན་ན་ཅིའི་ཕྱིར་མི་འཇུ་ཞེས་མར་སྲང་སུམ་ཅུ་རྩ་གཉིས་འཐུངས་སོ།། དེའི་ཕྱི་ཉིན་པར་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འཇམ་གསོལ་ལོ།། ལྷས་བྱིན་གྱིས་ཀྱང་མར་མ་ཞུ་བཞིན་དུ་ཐུག་པ་བཏུངས་པས་སྦོས་གཟེར་ནས་གནད་དུ་ཕོག་པའི་ཚོར་བ་ཉམ་ང་ལ་རྩུབ་པ་ཡིད་དུ་མི་འོང་བས་ཐེབས་པ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཀྲ་ཤིས་ཀྱི་འཁོར་ལོས་མཚན་པའི་ཕྱག་གཡས་པ་གླང་བོའི་སྣ་ལྟ་བུ་བརྐྱང་སྟེ་ལྷས་བྱིན་གྱི་མགོ་ལ་བཞག་ནས། ཇི་ལྟར་ང་བུ་གཅིག་པ་སྒྲ་གཅན་འཛིན་བཟང་པོ་ལ་དགོངས་པ་དེ་བཞིན་ལྷས་བྱིན་ལ་ཡང་ལྷག་ཆད་མེད་པ་ཡིན་ཞེ་ན། བདེན་པ་དེས་ལྷས་བྱིན་གྱི་ནད་ཞི་བར་གྱུར་ཅིག་ཅེས་གསུངས་མ་ཐག་ནད་ལས་གྲོལ་ཀྱང་། བཅོམ་ལྡན་འདས་ཀྱི་ཕྱག་ཡིན་པ་ངོ་ཤེས་ཏེ་དེས་སྨྲས་པ། དོན་གྲུབ་ཁྱོད་ཀྱིས་སྨན་ལའང་མཁས་པར་སློབས་པ་ལྟ་སྟེ་མི་འདོད་དོ་ཟེར་རོ།། བཅོམ་ལྡན་འདས་ལ་ལྷས་བྱིན་གྱིས་སྒྱོགས་འཕངས་པའི་རྡོ་བའི་དུམ་བུས་ཞབས་ཀྱི་མཐེ་བོང་ལ་རྨ་བྱུང་ནས་ཁྲག་ཆད་དུ་མ་བཏུབ་པའི་ཚེ་སྨན་པའི་རྒྱལ་པོ་འཚོ་བྱེད་བཅོམ་ལྡན་འདས་ཀྱི་སྙུན་བརྟག་པའི་ཕྱིར་དུས་གསུམ་དུ་སྤྱན་སྔར་འགྲོའོ།། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་འདུས་ཏེ་སྨན་འདི་ནི་དེ་ལ་བཟང་ངོ་།། གཞན་དག་ན་རེ་འདི་ནི་དེ་བས་ཀྱང་བཟང་ངོ་།། འཚོ་བྱེད་ཀྱིས་སྨྲས་པ། མོད་ལ་སྙུན་གདངས་དྭངསཔར་འགྱུར་བའི་སྨན་ཡོད་མོད་ཀྱི་རྙེད་པར་དགའ་དཀའའོ།། ཀུན་དགའ་བོས་སྨྲས་པ་དེ་ཅི་ཡིན། ཙན་དན་ས་མཆོག་ཡིན་ནོ།། ཇི་ཙམ་ན་ཚོང་དཔོན་ཞིག་གིས་ཙན་དན་ས་མཆོག་ཕུལ་པ་བཞེས་ནས། དགེ་བའི་རྩ་བ་དེས་རང་སངས་རྒྱས་ཙན་དན་བྱིན་ཞེས་བྱ་བར་འགྱུར་ཐར་ལུང་བསྟན། འོན་ཀྱང་ཁྲག་ཆད་དུ་མ་བཏུབ་སྟེ་འཛག་གོ། འཚོ་བྱེད་ཀྱིས་སྨྲས་པ། ད་ནི་བུད་མེད་གཞོན་ནུ་བུ་ཐོག་མ་བཙས་པའི་འོ་མས་གདབ་འཚལ་ལོ།། རྒྱལ་པོའི་ཁབ་ན་བུད་མེད་གཞོན་ནུ་འོ་མ་ཉུང་སྟེ་རང་གི་བུ་ཡང་མི་ངོམས་པ་ཞིག་ཡོད་པ་དེས་བདག་ནི་བུ་དང་བྲལ་ཡང་བླའི་སྙམ་འོ་མ་ཕུལ་པ་བཞེས་ནས་རང་སངས་རྒྱས་འོ་མ་བྱིན་དུ་ལུང་བསྟན་ནོ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་དགེ་སློང་ཞིག་ཕོ་མཚན་ནད་ཀྱིས་གཟིར་པ་འཚོ་བྱེད་ལ་བསྟན་པས། བུད་མེད་ཀྱི་ཁར་ཆུག་ཅེས་སྨྲས་པ་བཞིན་བྱས་པས་འཕྲལ་དུ་ཞི། རྒྱལ་པོ་མ་སྐྱེས་དགྲས་ཡབ་ཆོས་ཀྱི་རྒྱལ་པོ་བདེན་པ་མཐོང་བ་བསད། ལྷས་བྱིན་དང་བསྡེབས་ནས་སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུངས། དགེ་འདུན་མཐུན་པའང་དབྱེ། དགེ་སློང་ཨུཏྦལའི་མདོག་ཅན་ཡང་བསད་པ་སོགས་མཚམས་མེད་པ་བཞི་བྱས་པས་ལུས་ལ་འབྲུམ་བུ་མེ་དབལ་ནད་ཀྱིས་ཐེབས། མ་ག་དྷའི་ས་སྐོར་ཐམས་ཅད་རྣག་དྲིས་ཁྱབ། ནམ་མཁའ་ནས་རྒྱལ་པོ་ཆེན་པོ་ཁྱོད་ཟླ་བ་ཕྱི་མའི་ཚེས་བརྒྱད་ལ་སའི་མཐོངས་བྱེ་ནས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་ཞེས་པའི་སྒྲ་བྱུང་བ་དང་། མུ་སྟེགས་སྟོན་པ་དྲུག་ལ་སྡིག་པ་བཤགས་པའི་ཐབས་དྲིས་ཀྱང་མ་བྱུང་བས་ཤིན་ཏུ་འགྱོད་ཅིང་སྡུག་བསྔལ་མི་བཟད་པས་ཐེབས་པ་ན། སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུ་ན་རེ། ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟ་གྱད་ཀྱི་ཡུལ་ན་བཞུགས་པའི་དྲུང་དུ་སོང་ལ་ཞུས་ཤིག་དང་། ཁྱོད་སྡུག་བསྔལ་འདི་ལས་ཐར་པར་འགྱུར་ཞེས་སྨྲས་པ་དང་། རྒྱལ་པོ་ན་རེ། འཚོ་བྱེད་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དགྲ་བཅོམ་པའི་འཁོར་གྱིས་བསྐོར་ཏེ་ཡང་དག་པའི་སྙིང་པོ་ལ་གནས་པ་ཡིན་ན། བདག་ལྟ་བུ་སེམས་ཅན་དམྱལ་བའི་ཁོངས་སུ་གཏོགས་པ་འདིས་ཇི་ལྟར་འགྲོ་བར་བྱ་ཞེས་ཟེར་བ་དང་། འཚོ་བྱེད་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཐུགས་ལས་ཆུང་ངུར་གྱིས་ཤིག སངས་རྒྱས་བཅོམ་ལྡན་འདས་དེ་ནི་དབང་པོ་རྣོན་པོ་ཤཱ་རིའི་བུ་ལ་ཆོས་སྟོན་པར་མ་ཟད། ཤིན་ཏུ་བརྟུལ་བ་ལམ་ཆུང་བ་ལྟ་བུ་ལ་ཡང་ཆོས་སྟོན་པར་མཛད། ཕྱུག་པོ་རྒྱལ་པོ་གསལ་རྒྱལ་ལྟ་བུའི་བསོད་སྙོམས་བཞེས་པར་ཡང་མ་ཟད། དབུལ་པོ་བ་སི་ལྟ་བུའི་བསོད་སྙོམས་ཀྱང་བཞེས། སྲས་གཅིག་པོ་སྡུག་པ་ཡིད་དུ་འོང་བ་སྒྲ་གཅན་ཟིན་བཟང་པོ་དང་ལྷས་བྱིན་གནོད་པ་དུ་མ་བསྐྱེལ་བསྐྱེདཔ་གཉིས་ལའང་གྲུས་ཐུགསསྙོམས་པ་ཡིན་པས་ཁྱོད་ཀྱི་འགྱོད་པ་སེལ་ངེས་སོ།། འཚོ་བྱེད་དེ་ལྟར་ན་ཁྱེད་དབང་གཉིས་གླང་བོ་ཆེ་གཅིག་གི་སྟེང་དུ་བསྡད་ནས་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་བྱའོ།། དེའི་བར་དུ་སའི་མཐོངས་བྱེ་ནས་བདག་དམྱལ་བར་སོང་ན་ཁྱོད་ཀྱིས་གཟུང་ཞིག་ཟེར་ནས། གླང་བོ་ཆེན་པོ་གཅིག་གི་སྟེང་དུ་བཞོན་ཏེ་སྐྱེ་བོའི་ཚོགས་འབུམ་ཕྲག་དུ་མ་དང་ཐབས་ཅིག་གྱད་ཀྱི་ཡུལ་དུ་ཕྱིན་ཏོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་ལ་སོགས་པ་འདུས་པ་རྒྱ་མཚོ་ལྟ་བུའི་དབུས་ན་བཞུགས་པས། རྒྱལ་པོ་ཆེན་པོ་ཞེས་ལན་གཉིས་སུ་གསུངས་པ་ན། འཁོར་རྣམས་དང་མ་སྐྱེས་དགྲ་ཉིད་ཀྱི་བསམ་པ་ལ་འདུས་པ་ཆེན་པོ་འདིའི་ནང་ན་རྒྱལ་པོ་ཆེན་པོ་གསུང་བར་མཛད་པ་དེ་ཚངས་པའམ།བརྒྱ་བྱིན་ནམ། གླིང་གཞན་ལས་བྱུང་བའི་འཁོར་ལོས་སྒྱུར་པ་ལྟ་བུ་སུ་ཡིན་སྙམ་པ་དང་། ལན་གསུམ་པ་ལ་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་ཞེས་བཀའ་བསྩལ་པ་དང་། ཡིད་རབ་ཏུ་དགའ་བས་དེ་ཉིད་བརྒྱལ་ལོ།། གདོང་ལ་ཆུ་གྲང་མོ་གཏོར་པས་སད་པ་དང་། རྒྱལ་པོ་མ་སྐྱེས་དགྲས། བཅོམ་ལྡན་འདས་བདག་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སོ་སོར་བཤགས་པས་སོ་སོར་བཤགས་སོ།། ཞེས་ལན་གསུམ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྒྱལ་རིགས་དྲ་མ་ཆེན་པོ་ལེགས་སོ་ལེགས་སོ།། ཁྱེད་རང་ཉིད་ཀྱི་སྡིག་པ་བཤགས་པའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་བཤགས་པ་ནི་ཤིན་ཏུ་ལེགས་སོ་ཞེས་གསུངས་ཤིང་། སྡིག་པ་དག་ནས་མཐུན་པའི་ཆོས་ལ་བཟོད་པ་ཐོབ་པ་སོགས་རྒྱལ་པོ་མི་དགེ་བའི་བཤེས་གཉེན་གྱིས་མཐོང་ཟིན་པ་ཐབས་མཁས་པས་ལྡོག་ཅིང་། ལན་གསུམ་དུ་སྨན་པའི་རྒྱལ་པོ་ཆེན་པོར་དབང་བསྐུར་པ། ཚེའི་རིག་པ་རགས་པ་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུ་བསྟེན་ཚུལ་ཙམ་ལས། ཐོག་མ་ནས་ནད་ཀྱི་ངོས་འཛིན་སྨན་དེ་ཐོད་པ་དབྱེ་སྟེ་སྲིན་བུ་ལེན་པའི་དཔྱད་སོགས་གང་ཡང་རང་ཉིད་སློབ་དཔོན་ལས་མཁས་པར་གྲུབ་ཅིང་ད་ལྟའང་སྐུ་ཚེའི་རིགས་འཛིན་བརྙེས་ནས་བཞུགས་པའི་འཚོ་བྱེད་གཞོན་ནུས་གསོས་དེའི་སློབ་མར་གསོ་རིག་རང་སྐད་དུ་འཛིན་པ།

X