//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > ཕྱི་མ་རྒྱུད། > ནང་དོན།

ལེའུ་དང་པོ། རེག་པ་རྩ་ལ་ནད་ངོས་བཟུང་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-27 15:48:37 ཀློག་གྲངས། 26 

      དེ་ནས་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱིཪྻ་འོད་ཀྱི་རྒྱལ་པོ་དེས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ།ཐོགས་པ་མེད་པ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་གསང་བ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཞུམ་པ་དང་སྐྲག་པའི་ཉེས་སྐྱོན་ཐམས་ཅད་བསལ། ལུས་དང་ཚེ་ལ་བར་དུ་གཅོད་པའི་ནད་དང་གདོན་ཐམས་ཅད་ཞི་བར་བྱས་ཏེ་སླར་སྐུའི་གསང་བར་འདུས་པ་ལས། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཕྲིན་ལས་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་པ་ལས། གསུང་གི་སྤྲུལ་པ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ།། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས།། རྒྱུད་སྡེ་བཞི་ལ་བསླབ་པར་བྱའོ་གསུངས་པ་ལས།། རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་དང་གསུམ།། དབང་པོ་རབ་འབྲིང་ཐ་མའི་དོན་དུ་གསུངས་ལགས་ན།། ད་ནི་ཕྱི་མའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི།། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།། ཞེས་ཞུས་པ་དང་། ཕྲིན་ལས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།། རྒྱུད་བཞིའི་ཐ་མ་ཕྱི་མའི་རྒྱུད་ལ་བསླབ་པ་ནི།། ནད་དང་གཉེན་པོ་གསོ་བའི་ཐབས་གསུམ་ལས།། གསོ་ཡུལ་ནད་ལ་བཞི་བརྒྱ་རྩ་བཞིར་གསུངས།། རྒྱས་པར་ཕྱེ་ན་སྟོང་དང་ཉིས་བརྒྱ་ཡོད།། མདོ་རུ་བསྡུས་པས་བཅོས་དགོས་བརྒྱ་རྩ་གཅིག། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཏེ།། མདོ་རུ་བསྡུས་པས་སྨན་དཔྱད་ཟས་སྤྱོད་བཞི།། སྨན་ལ་ཞི་སྦྱང་ཞི་ལ་བསིལ་དྲོད་གཉིས།། སྦྱོང་བྱེད་ཀུན་ལ་དྲག་དང་འཇམ་པ་གཉིས།། དཔྱད་ལ་འཇམ་རྩུབ་ཟས་ལ་ཕན་གནོད་གཉིས།། སྤྱོད་ལམ་དྲག་དལ་ཟས་སྨན་སྤྱིར་འགྲོའོ།། དེ་ལྟར་གཉེན་པོ་བཅུ་ཡིས་ནད་ཀུན་འཇོམས།། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡོད།། མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ།། བརྟག་ཐབས་རེག་མཐོང་གཉིས་ཀྱིས་ནད་ངོས་བཟུང་།། འཁྲུལ་གཞི་གལ་འགག་བཞི་ཡིས་དཔྱད་འཕྲང་བསལ།། གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲད།། གསོ་ཐབས་ལག་ལེན་བཅོ་བརྒྱད་ནད་དཔུང་གཞོམ།། སུམ་ཅུ་རྩ་གསུམ་ལག་ལེན་སྙིང་པོར་དྲིལ།། འདི་དག་ཕྱི་མ་རྒྱུད་ཀྱི་སྡོམ་ཚིག་ཡིན།། དྲང་སྲོང་རྣམས་ཀྱི་སེམས་ལ་དེ་ལྟར་ཆོངས།། ཞེས་གསུངས་སོ།། དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ།། ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས།། རེག་མཐོང་གཉིས་ཀྱིས་ནད་ཀྱི་ངོས་འཛིན་པ།། རེག་པ་རྩ་ལ་ཇི་ལྟར་བརྟག་པར་བགྱི།། མཐོང་བ་ཆུ་ལ་ཇི་ལྟར་བརྟག་པར་བགྱི།། གལ་འགག་བཞི་ཡི་འཁྲུལ་སོ་ཇི་ལྟར་བསལ།། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།། ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།། དང་པོ་རེག་པ་རྩ་ལ་བརྟག་པ་ནི།། ནད་དང་སྨན་པ་བརྡ་སྦྱོར་འཕྲིན་པ་རྩ།། སྔོན་འགྲོ་ཟས་སྤྱོད་བསླབ་དང་བལྟ་དུས་བསྟན།། བལྟ་གནས་མནན་ཚད་བལྟ་ཚུལ་ཤེས་པ་ཡིས།། ཐ་མལ་རྩ་ལ་རྩ་རྒྱུད་གསུམ་དུ་བརྟག། དུས་བཞིའི་རྩ་ལ་ཁམས་ལྔ་འབྱུང་བ་རྩི།། ངོ་མཚར་རྩ་བདུན་ནད་མེད་མི་ལ་བལྟ།། ནད་དང་ནད་མེད་འཕར་བའི་གྲངས་ལས་དཔགས།། སྤྱི་དང་བྱེ་བྲག་རྩ་ཡིས་ནད་ངོས་བཟུང་།། འཆི་རྩ་གསུམ་གྱིས་འཚོ་འཆི་ཁ་དམར་གདགས།། གདོན་རྩ་གློ་བུར་ཡེ་འདྲོག་རིམ་འགྲོ་འབོགས།། ཚེ་རྟགས་བླ་ཡི་རྩ་ལ་བརྟག་པ་སྟེ།། སྤྱི་དོན་བཅུ་གསུམ་རེག་པའི་མདོར་བསྟན་ཡིན།། དང་པོ་སྔོན་འགྲོ་ཟས་སྤྱོད་བསླབ་པ་ནི།། ཤ་ཆང་ལ་སོགས་དྲོད་བཅུད་དྲག་པོ་དང་།། འཇུ་དཀའ་བསིལ་ཆེས་ནད་གཞི་འཁྲུག་པ་སྤང་།། འགྲངས་ཆེས་ལྟོགས་ཆེས་ཉལ་པོ་གཉིད་ཆག་དང་།། སྨྲ་བརྗོད་སེམས་ལས་འགྲོ་འདུག་སྤངས་ཏེ་བརྟག། དེ་ཡིས་འདུ་བ་རྣམ་གསུམ་མི་འཁྲུག་གསལ།། གློ་བུར་དུ་ཡང་དབུགས་མལ་ཚུད་པ་དང་།། རྩ་དཔངས་རྐྱེན་གྱིས་མ་བཏེག་གཅེས་པ་ཡིན།། བལྟ་དུས་མཁའ་ལ་ཉི་ཤར་ཀླུངས་མ་ཕེབས།། ནང་དབུགས་དྲོན་མོ་ཕྱིར་མ་རྒྱུས་པ་དང་།། ཕྱི་དབུགས་གྲང་མོ་ནང་དུ་མ་ཤོར་བ།། མལ་ནས་མ་འགུལ་ཁ་ཟས་མ་ཟོས་པའི།། གདགས་སྲིབས་དབུགས་སྙོམས་རྩ་མལ་གནས་དུས་བལྟ།། བལྟ་གནས་མཁྲིག་མའི་གཉེར་མ་དང་པོ་ནས།། མཚོན་གང་མར་བཅལ་རུས་པ་འབུར་པོའི་ལྡེབས།། ཚོན་ཀན་ཆག་གསུམ་མ་འདྲུས་སྙོམས་པར་བཞག། ཅི་ཕྱིར་འཕར་རྩ་ཀུན་ལ་ཡོད་མོད་ཀྱང་།། དོན་དང་ཉེ་ན་ཕུ་ཆུ་འབྲུབ་དང་མཚུངས།། རིང་བ་ཐག་རིང་འགྲོན་པོའི་གཏམ་དང་འདྲ།། འཚམ་པས་རྒྱང་གྲགས་དབྱར་སྐད་བཞིན་དུ་གསལ།། ཐམས་ཅད་རྒྱུ་བས་ཚོང་དུས་བརྒྱ་སྲང་བཞིན།། དོན་སྣོད་དེར་མི་རྒྱུ་བས་འགལ་ཞེ་ན།། རླུང་ཁྲག་ཀུན་ཏུ་རྒྱུ་བས་ཚོང་དཔོན་བཞིན།། བཅུ་གཉིས་མ་འདྲེས་ཕ་ཙེའི་རེ་སོ་འདྲ།། བླ་རྩ་མར་ཟུར་ཆུ་རྒྱུས་གསེབ་ཏུ་བརྟག། མཐའ་ནས་སྡུད་ཕྱིར་འཆི་རྩ་བོལ་ལ་བརྟག།མནན་ཚད་ཚོན་གྱིས་པགས་པ་ཀན་གྱིས་ཤ། ཆག་གིས་རུས་པ་ནོན་ཙམ་གསལ་བར་མནན།། ཅི་ཕྱིར་ཞེ་ན་རྩ་དབྱིབས་ལ་ཕུག་འདྲ།། ཤ་རྔམས་ཟབ་མི་ཟབ་ལས་བྱུང་བ་ཡིན།། བལྟ་ཚུལ་ལག་པའི་སོར་མོ་མ་གྲངས་པའི།། འཇམ་ཞིང་མཉན་མཉེནལ་དྲོད་དང་མཐུན་པ་ཡིས།། ཕོ་རྩ་གཡོན་དང་མོ་རྩ་གཡས་སུ་བརྟག། དང་པོ་ནད་པའི་ལག་གཡོན་སྨན་པའི་གཡས།། ཚོན་གྱི་འོག་ཏུ་སྙིང་དང་རྒྱུ་མའི་རྩ།། ཀན་གྱི་འོག་ཏུ་མཆེར་པ་ཕོ་བའི་རྩ།། ཆག་གི་འོག་ཏུ་མཁལ་གཡོན་བསམ་སེ་བརྟག། ནད་པའི་ལག་གཡས་སྨན་པའི་གཡོན་པས་བལྟ།། ཚོན་འོག་གློ་ལོང་ཀན་འོག་མཆིན་མཁྲིས་རྩ།། ཆག་འོག་མཁལ་མ་གཡས་དང་ལྒང་པ་བརྟག། མོ་ལ་ཚོན་རྩ་གཉིས་པོ་གཡས་གཡོན་ལྡོག། ཅི་ཕྱིར་གློ་སྙིང་གཡས་གཡོན་ཕྱོགས་མེད་ཀྱང་།། སྙིང་གི་རྩེ་མོ་དེ་ལྟར་བསྟན་པའི་ཕྱིར།། གཞན་རྣམས་གནས་ཀྱིས་བསྐལ་ཕྱིར་གོང་ལྟར་ངེས།། ཐ་མལ་རྟེན་གྱི་རྩ་རྒྱུད་རྣམ་གསུམ་ནི།། ཕོ་རྩ་མོ་རྩ་བྱང་ཆུབ་སེམས་རྩ་གསུམ།། ཕོ་ཡི་རྩ་ནི་སྦོམ་ལ་རགས་པར་འཕར།། མོ་ཡི་རྩ་ནི་ཕྲ་ལ་མྱུར་བར་འཕར།། བྱང་ཆུབ་སེམས་རྩ་རྒྱུད་རིང་འཇམ་ལ་མཉེན།། ཕོ་ལ་མོ་རྩ་ཆགས་ན་ཚེ་རིང་ཞིང་།། མོ་ལ་ཕོ་རྩ་ཆགས་ན་བུ་དཔལ་ཆེ།། གཉིས་ཀར་བྱང་ཆུབ་སེམས་དཔའི་རྩ་བྱུང་ན།། ཚེ་རིང་ནད་དཀོན་ཡས་བྱམས་མས་སྡང་སྟེ།། དྲུང་གསུམ་དགྲར་ལྡང་མཐའ་ཕུགས་རབས་ཀྱང་ཆད།། ཕོ་རྩ་ནང་ཕྲད་ཕལ་ཆེར་བུ་མང་སྟེ།། མོ་རྩ་ནང་ཕྲད་བུ་མོ་ཕལ་ཆེར་མང་།། བྱང་ཆུབ་སེམས་རྩ་ཕོ་མོ་གང་ཕྲད་པ།། དེ་ཡི་དབང་གིས་གཅིག་འབྱུང་དེ་ནས་མིན།། དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི།། དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར།། མ་བུ་དགྲ་གྲོགས་བཞི་ཡིས་སྐོར་འགོ་བརྩི།། དཔྱིད་དང་དབྱར་སྟོན་དགུན་བཞི་དུས་མཚམས་ལྔ།། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས།། རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན།། བྱེའུ་ཅོ་ག་རང་སྐད་འབྱིན་པའི་དུས།། བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།། ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར།། ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ།། དབྱར་ཟླ་གསུམ་ནི་འདབ་རྒྱས་ཆར་གྱི་དུས།། ས་ག་སྣྲོན་དང་ཆུ་སྟོད་ནམ་ཚོད་འཛིན།། བྱ་ཡི་རྒྱལ་པོ་ཁུ་བྱུག་སྐད་འབྱིན་དུས།། བདུན་ཅུ་རྩ་གཉིས་མེ་ཁམས་སྙིང་རྩ་རྒྱུ།། ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར།། ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ།། སྟོན་ཟླ་གསུམ་ནི་རྩི་ཐོག་སྨིན་པའི་དུས།། གྲོ་ཞུན་ཁྲུམས་སྟོད་དབྱུག་པས་ནམ་ཚོད་འཛིན།། བྱེའུ་འུར་པ་གཤོག་སྒྲ་འབྱིན་པའི་དུས།། བདུན་ཅུ་རྩ་གཉིས་ལྕགས་ཁམས་གློ་རྩ་རྒྱུ།། བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར།། ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ།། དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས།། སྨིན་དྲུག་མགོ་རྒྱལ་གསུམ་གྱིས་ནམ་ཚོད་འཛིན།། ཤ་བ་ནག་པོ་ངུ་སྐད་འདོན་པའི་དུས།། བདུན་ཅུ་རྩ་གཉིས་ཆུ་ཁམས་མཁལ་རྩ་རྒྱུ།། མཐིང་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར།། ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ།། ཉི་མ་གང་ལྡོག་དབྱར་དགུན་འབྲིང་པོར་བརྩི།། དུས་མཚམས་བཅོ་བརྒྱད་ཕྲག་བཞི་བདུན་ཅུ་གཉིས།། ས་ཁམས་མཆེར་རྩ་དར་ཞིང་རྒྱུ་དུས་དེར།། ནས་ཟན་སྐད་ལྟར་ཐུང་ལ་འཇམ་པར་འཕར།། དེ་ལྟར་དུས་བཞི་ཁམས་ལྔར་ཕྱེ་ནས་ནི།། ད་ནི་མ་བུ་དགྲ་གྲོགས་སྐོར་འགོ་བརྩི།། ཤིང་མེ་ས་ལྕགས་ཆུ་ལྔ་མ་བུ་བསྐོར།། མེ་ཆུ་ས་ཤིང་ལྕགས་ལྔ་དགྲ་གྲོགས་སྐོར།། མ་བུ་དགྲ་གྲོགས་འབྱུང་བ་བརྟགས་ལ་བརྩི།། མ་དང་རང་རྩ་དར་ན་རབ་ཏུ་བཟང་།། གྲོགས་རྩ་གྲོག་འབྱུང་བུ་རྩ་དབང་ཐང་ཆཆེ།། དགྲ་རྩ་དགྲ་འོང་ཡང་ན་གསོ་དཀའ་འཆི།། ངོ་མཚར་རྩ་བདུན་ཁྱིམ་ཕྭ་འགྲོན་ཕྭ་དང་།། དགྲ་ཕྭ་གྲོག་ཕྭ་གདོན་ཕྭ་བསྟན་པ་དང་།། མེ་ཆུ་གོ་ལྡོག་བུ་རྩ་བརྟག་པའོ།། དང་པོ་བྱིང་ཞིང་འཐིབས་ན་མི་གཙང་རྩ།། རྨུགས་ཤིང་འཐིབས་ན་མྱ་ངན་འོང་བའི་རྩ།། འབྲུབ་ཅིང་བརྒྱལ་ན་བྲེད་དངངས་འོང་བའི་རྩ།། སྐྱེར་ཚེར་འདྲ་ན་སྡུག་བསྔལ་ཐར་མེད་རྩ།། ཆུ་ཚན་ཁོལ་འདྲ་མི་ཁ་འོང་བའི་རྩ།། མེ་ལྕེ་ཆད་འདྲ་ནོར་གོད་འོང་བའི་རྩ།། དེ་དག་གང་ཡང་རང་རྩ་དར་དུས་སུ།། རང་གི་རྩ་ལ་གང་བྱུང་རང་ལ་འོང་།། མ་རྩ་མ་ཞང་བུ་རྩ་བུ་ཚ་ལ།། གྲོགས་རྩ་ནོར་ལ་དགྲ་རྩ་དགྲ་ལ་འོང་།། འགྲོན་ཕྭ་གཞི་བ་གང་བརྩེ་གཅིག་ལ་བརྟག། མཆིན་རྩ་གློ་སྙིང་མཆེར་མཁལ་གང་དྲག་པ།། གཞི་ལ་ཡོད་དང་ལམ་དུ་ཞུགས་པ་དང་།། ཉེ་བར་སླེབ་དང་ཕྱིན་ལ་ཁད་པ་དང་།། འགྲོན་དགྲ་འོང་བ་རིམ་པས་བརྟག་པར་བྱ།། ཡང་ན་མ་དང་རང་རྩ་གཞི་ལ་གནས།། བུ་རྩ་ལམ་ཞུགས་དགྲ་རྩ་ད་ལྟ་སླེབ།། དོན་གཉེར་འགྲུབ་བམ་མི་འགྲུབ་བརྟག་པ་ནི།། སྙིང་མཆིན་མཁལ་རྩ་དྲག་པར་འཕར་བ་གསུམ།། དགྲ་འོང་དོན་འགྲུབ་སྟོང་ལོག་བྱེད་པ་ཡིན།། དགྲ་རྩ་མི་འགྲུབ་གྲོགས་རྩ་བྱུང་ན་འགྲུབ།། དགྲ་ཕྭ་ཕར་རྒོལ་གློ་རྩ་དྲག་ན་ཐུབ།། མཆེར་རྩ་དྲག་ན་མི་ཐུབ་དགྲ་གཡུལ་མཐོ།། དགྲ་ཡི་རྩ་ལ་དགྲ་རྩ་བྱུང་ན་ཐུབ།། རང་ལ་དགྲ་རྩ་བྱུང་ན་ཐུབ་མི་འགྱུར།། ཚུར་རྒོལ་དེ་དང་འདྲ་ན་དགྲ་ཡིས་ཚུགས།། རང་དང་མ་རྩ་དར་ན་ཚུགས་མི་འགྱུར།། གྲོགས་གྲོགཕྭ་ནོར་བདག་རྩ་ལ་བལྟས་པ་ཡིས།། མཆིན་རྩ་དྲག་ན་ནོར་འཕེལ་གོད་མི་འོང་།། སྙིང་རྩ་མཆེར་རྩ་ཞན་ན་གོད་ཀ་འོང་།། གྲོགས་ཀྱི་རྩ་ལ་གྲོགས་རྩ་བྱུང་ན་རབ།། མ་རྩ་འབྲིང་ཡིན་རང་རྩ་ཐ་མ་ཡིན།། བུ་རྩ་གྲོག་མེད་དགྲ་རྩ་གྲོག་དགྲས་ཁྱེར།། གདོན་ཕྭ་ཤིང་རྩ་གཉན་དང་རྒྱལ་པོར་བཟུང་།། མེ་རྩ་བཙན་བདུད་ལྕགས་རྩ་རྒྱལ་པོ་དཀོར།། ས་ཡི་རྩ་ལ་ས་བདག་མ་མོར་བཟུང་།། ཆུ་རྩ་ཀླུ་དང་ཀླུ་སྲིན་དམ་སྲིར་བཟུང་།། མ་ཡི་རྩ་ལ་ཕ་མའི་ཆགས་འདྲེར་བཟུང་།། བུ་ཡི་རྩ་ལ་བུ་ཚའི་ཞང་འདྲེར་བཟུང་།། དགྲ་ཡི་རྩ་ལ་དགྲ་བོས་རྦད་འདྲེར་བཟུང་།། གྲོགས་ཀྱི་རྩ་ལ་ནོར་གྱི་ཕྱི་འདྲེར་བཟུང་།། རང་གི་རྩ་ལ་གྲོགས་ཀྱི་འགོས་འདྲེར་བཟུང་།། མེ་ཆུ་གོ་ལྡོག་ཕ་ན་བུ་ལ་བལྟ།། མཆིན་རྩ་ཚང་ན་མི་འཆི་མ་ཚང་འཆི།། མ་རྩ་དར་ན་མི་འཆི་གུད་ན་འཆི།། བུ་ན་ཕ་ཡི་རྩ་ལ་བལྟས་པ་ཡིས།། སྙིང་རྩ་ཚང་ན་མི་འཆི་མ་ཚང་འཆི།། བུ་རྩ་དར་ན་མི་འཆི་གུད་ན་འཆི།། མ་དང་བུ་མོའི་རྩ་ཡང་དེ་ལྟར་བལྟ།། ཁྱོ་ན་ཆུང་མའི་རྩ་ལ་བལྟས་པ་ཡིས།། མཆིན་རྩ་མ་ཚང་འཆི་ལ་ཚང་ན་འཚོ།། ཆུང་མ་ན་བ་ཁྱོ་ལ་རྩ་བལྟས་པས།། མཁལ་རྩ་མ་ཚང་འཆི་ལ་ཚང་ན་འཚོ།། ཡང་ན་ཁྱོ་གྲོགས་ཆུང་མ་དགྲ་རུ་བརྩི།། དགྲ་གྲོགས་རྩ་དར་མི་འཆི་གུད་ན་འཆི།། སྦྲུམ་མའི་རྩ་ནི་འབུར་ལ་འདྲིལ་བར་འཕར།། མཁལ་རྩ་གཡས་པ་དྲག་ན་བུ་ཕོ་སྐྱེ།། གཡོན་པ་དྲག་ན་བུ་མོ་སྐྱེ་བར་འགྱུར།། བུ་ཡི་རྩ་ལ་མ་རྩ་བུ་རྩ་བྱུང་།། བཙས་ནས་གསོ་སླ་དགྲ་རྩ་བྱུང་ན་དཀའ།། ནད་དང་ནད་མེད་འཕར་བའི་གྲངས་བསྟན་པ།། ནད་མེད་ཐ་མལ་རྒྱུན་རྩ་སྨན་པ་ཡི།། ཕྱི་ནང་དབུགས་ལ་ལན་ལྔ་འཕར་བར་འདོད།། དེ་ཡང་ལན་གྲངས་བརྒྱ་ཡི་བར་དག་ཏུ།། ཆེ་ཆུང་སྟོད་སྨད་དྲག་དལ་བྱིང་རྒྱས་དང་།། སྡོད་འཐེན་ཐང་ལྷོད་མེད་པར་འཕར་བར་འདོད།། དེ་ལས་ལྡོག་པ་ནད་ཅན་རྩ་ཡིན་ཏེ།། མང་འཕར་ཚ་བ་ཉུང་འཕར་གྲང་བ་ཡིན།། འོན་ཀྱང་ནད་མེད་རྩ་རྒྱུད་མུ་ཏིག་འཕྲེང་།། གོང་རྒལ་མ་ཚང་སྡོད་འཐེན་ལ་སོགས་པ།། ངེས་མེད་སྲིད་ཕྱིར་གོང་དུ་གཏན་ལ་དབབ།། གཞི་རྩ་མ་རྟོགས་ཁ་དམར་ལོག་པར་འགྲོ།། ཕོ་མོ་བུ་རྩ་མ་ཤེས་ཚ་བར་འཁྲུལ།། བྱང་ཆུབ་སེམས་རྩ་གྲང་བར་འཁྲུལ་བ་དང་།། མ་ཚང་གཅོད་སྡོད་འཆི་རྩར་འཁྲུལ་པ་ཡོད།། རྒྱུས་མེད་རྣམས་ལ་ཐོག་མར་དྲི་བ་གཅེས།། ནད་ངོས་བཟུང་བ་སྤྱི་དང་བྱེ་བྲག་གཉིས།། སྤྱི་རྩ་དྲུག་གིས་ཚ་གྲང་ལ་ཤན་དབྱེ།། དྲག་རྒྱས་འདྲིལ་མགྱོགས་གྲིམས་མཁྲང་ཚ་བའི་རྩ།། དེ་ཡང་དཔངས་ཚ་གྲངས་ཚ་སྙུགས་ཚ་གསུམ།། དཔངས་དང་གྲངས་ཀྱི་ཚ་བ་འཁྲུགས་རིམས་གསར།། སྙུགས་ཀྱི་ཚ་བ་རྙིངས་པའི་ཚ་བ་ཡིན།། གྲང་རྩ་ཞན་བྱིང་གུད་བུལ་ལྷོད་སྟོང་དྲུག། སྙུགས་གྲང་གསར་ལ་གྲངས་དཔངས་རྙིང་པར་འདོད།། བྱེ་བྲག་བརྟག་པ་རྣམ་པ་གཉིས་ཡིན་ཏེ།། རྩ་རྒྱུད་སོ་སོས་ནད་རིགས་དབྱེ་བ་དང་།། ཚོན་ཀན་ཆག་གསུམ་རྒྱུ་བ་བཅུ་གཉིས་ཀྱིས།། སྟོད་སྨད་དོན་སྣོད་བྱེ་བྲག་གར་བབས་བརྟག། དང་པོ་རྩ་རྒྱུད་སོ་སོར་བརྟག་པ་ནི།། རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད།། མཁྲིས་པའི་རྩ་ནི་ཕྲ་ལ་གྲིམས་པར་འཕར།། བད་ཀན་སྐྱ་བོའི་རྩ་ནི་བྱིང་ལ་རྒུད།། རླུང་ཚད་ལྡན་པའི་རྩ་ནི་སྟོང་ལ་རྒྱུག། བད་མཁྲིས་ལྡན་པ་ཁ་བྱིང་གཏིང་ན་གྲིམས།། བད་རླུང་ལྡན་པའི་རྩ་ནི་སྟོང་ལ་དལ།། བད་ཀན་སྨུག་པོ་སྦོམ་ཁེངས་ཀན་རྩ་ཞར།། ཁྲག་གི་རྩ་ནི་འབུར་ལ་འདྲིལ་བར་འཕར།། ཆུ་སེར་རྩ་ནི་འདར་ལ་རྒྱུ་བ་དཀའ།། སྲིན་རྩ་འཁྱིག་ཅིང་ཞེང་དུ་ལེབ་མོར་འཕར།། ཞར་ཅིང་འདར་ལ་འཕྲིག་པ་མཛེ་ཡི་རྩ།། འཁྲུགས་ཚད་རྩ་ནི་སྦོམ་རྒྱས་འབུར་ལ་འདྲིལ།། འགྲམས་ཚད་རྩ་ནི་ཕྲ་མཁྲང་གྲིམས་པར་འཕར།། རིམས་ཚད་རྩ་ནི་ཕྲ་ལ་མགྱོགས་པར་འཕར།། གཉན་གྱི་རྩ་ནི་འཁྱིག་ཧང་ལྕམ་དྲལ་བྱེད།། གཟེར་ཐུང་རྩ་ནི་ཐུང་ཐུང་སྦུད་སྦུད་འཕར།། སྦྱར་དུག་རྩུབ་སྦུན་འཆོལ་བ་མངོན་མི་བཏུབ།། ཤ་དུག་རྩ་ནི་ཕྲ་མགྱོགས་ཞར་བྱིང་རྒྱུ།། མ་སྨིན་ཚ་བ་ཕྲ་མགྱོགས་རླུང་ལྟར་གཡོ།། རྒྱས་ཚད་རྩ་ནི་དྲག་ལ་གྲིམས་པར་འཕར།། སྟོངས་ཚད་རྩ་ནི་སྟོང་ལ་རྒྱུག་པ་སྟེ།། གབ་པའི་ཚད་པ་རྩ་དཔངས་དམའ་ལ་གྲིམས།། ཚད་པ་རྙིང་པ་ཕྲ་ལ་གྲིམས་པར་འཕར།། རྙོགས་ཚད་རྩ་ནི་ཕྲ་མོ་གཏིང་ན་རྒྱུག། རྨ་ཚད་རྩ་ནི་སྦོམ་མཁྲང་མགྱོགས་པར་འཕར།། ཟུག་རྔུའི་རྩ་ནི་ཞར་ཞིང་ལྕམ་དྲལ་བྱེད།། མགོ་ཆག་ཤ་རུས་ཀླད་པ་རྣམ་པ་གསུམ།། གང་ལ་སྐྱོན་ཡོད་ཚོན་ཀན་ཆག་གི་རྩ།། རིམ་བཞིན་དྲག་ཅིང་གྲིམས་ལ་མགྱོགས་པའོ།། རྣག་རྩ་འདར་རམ་ཡང་ན་ཚ་ལ་སྤུན།། གྲང་རྩ་མ་ཞུ་གསར་པ་སྦོམ་ལ་མཁྲང་།། མ་ཞུ་རྙིང་པ་ཤེད་ཆུང་རྩ་རྒྱུད་ཕྲ།། སྐྲན་གྱི་རྩ་ནི་ཞན་ཅིང་ཞར་བར་འཕར།། དམུ་འོར་སྐྱ་རྦབ་ཕྲ་བྱིང་གཏིང་ན་དམ།། སྐྱུག་ན་སྟོད་ཞན་འཁྲུ་ནད་རྩ་སྨད་ཞན།། འོན་ཀྱང་རྩ་ལ་ནོར་བའི་འཕྲང་དྲུག་སྟེ།། ཁྲག་རྩ་རླུང་རྩ་རྐྱལ་བྱེད་ནོར་ར་རེ།། རྒྱས་ཚད་སྟོངས་ཚད་རྒྱུག་བྱེད་ནོར་ར་རེ།། བད་ཀན་ཁྲག་རྒན་བྱིང་བྱེད་ནོར་ར་རེ།། དེ་དག་སྟོད་སྨད་དོན་སྣོད་གར་བབས་ནད།། ཚོན་རྩ་གཉིས་ཀྱིས་གློ་སྙིང་སྟོད་ནད་བརྟག། ཀན་རྩ་གཉིས་ཀྱིས་ཕོ་མཆིན་བར་ནད་བརྟག། ཆག་རྩ་གཉིས་ཀྱིས་མཁལ་རྐེད་སྨད་ནད་བརྟག། གདགས་སྲིབས་རྩ་ཡིས་དོན་ལྔ་སྣོད་དྲུག་བརྟག། ཡར་ཟུར་དོན་ལྔ་ཕྱིར་རྒྱུ་གདགས་ཀྱི་རྩ།། མར་ཟུར་སྣོད་དྲུག་ནང་རྒྱུ་སྲིབས་ཀྱི་རྩ།། དོན་སྣོད་ཕལ་ཆེར་ཆོ་རོལ་མི་འབྱུང་ཞིང་།། དོན་ཚ་སྣོད་ལ་གྲང་བ་འབྱུང་སྲིད་ཀྱི།། སྣོད་ཚ་དོན་ལ་གྲང་བ་འབྱུང་མི་སྲིད།། སྟོད་སྨད་གཉིས་ཀྱང་དེ་བཞིན་ཤེས་པར་བགྱི།། དེ་དག་མ་འདྲེས་ཕྲ་ཞིབ་ཕྱེད་པར་རྟོགས།། འཆི་རྩ་རྒྱུད་འགྱུར་མ་ཚང་སྡོད་པའོ།། རྩ་རྒྱུད་འགྱུར་བ་དར་ལྕེ་རླུང་བསྐྱོད་འདྲ།། ཁྲ་ཡི་མཇུག་རྩེ་ཐིགས་ཟགས་ཆུ་གཞུག་འདྲ།། ཉ་མོ་རྔམ་འདྲ་མཆིལ་པ་སྒུམ་འཐུ་འདྲ།། སྦལ་པ་མཆོངས་དང་གླང་རྒན་ཁ་ཆུ་འདྲ།། སྟོབས་ཆེན་གློ་བུར་ནད་ལ་རྩ་སྡོབས་ཕྲ།། ཡུན་རིངས་ཟུངས་ཟད་ནད་ལ་རྩ་རྒྱས་འཁྲུག། གྲང་ལ་ཚ་བ་ཚ་ལ་གྲང་རྩ་བྱུང་།། གློ་ཚད་ཤ་དུག་བད་མཁྲིས་ཕོ་ཁར་འདྲིལ།། འདི་བཞི་ནད་མེད་རྩ་བྱུང་འཆི་བ་ཡིན།། མ་ཚང་འབྲེལ་འབྱོར་ཕྱི་ཡི་རྟགས་ལ་དཔག། སྙིང་རྩ་མ་ཚང་ལྕེ་ནག་འབུར་ཚུགས་བལྟ།། གློ་རྩ་མ་ཚང་སྣ་ཞོམ་ནང་སྤུ་ལོག། མཆིན་རྩ་མ་ཚང་མིག་ཟློག་སྨིན་མ་འཚོམ།། མཆེར་རྩ་མ་ཚང་མཆུ་འཕྱངས་ལྷེན་སྣ་རྡིབ།། མཁལ་རྩ་མ་ཚང་སྒྲ་ཆད་རྣ་བ་འབྱར།། ཞག་གཅིག་གཉིས་གསུམ་ལྔ་དང་བརྒྱད་ན་འཆི།། སྡོད་ལ་ན་སྡོད་འཆི་སྡོད་འདྲེ་སྡོད་གསུམ།། ན་དུས་གང་ནའི་རྩ་སྡོད་ན་སྡོད་ཡིན།། འདྲེ་སྡོད་ངེས་མེད་དྲག་དལ་བྱེད་པ་སྟེ།། གྲངས་དུས་ངེས་པར་སྡོད་པ་འཆི་སྡོད་ཡིན།། འདྲེ་ལ་ཡས་བྱིན་ནད་ལ་སྨན་གྱིས་བཅོས།། དེ་བྱས་སྐྱེད་མེད་ཅིས་ཀྱང་འཆི་བར་འགྱུར།། ནད་བྱིང་རྐྱེན་གྱིས་གབ་དང་གདོན་གྱིས་སྦས།། རྩ་མེད་གྱུར་ཀྱང་ངེས་མེད་ཕལ་ཆེར་འཚོ།། གདོན་རྩ་རྩ་རྒྱུད་མི་སྙོམས་འགྱུར་ལྡོག་མང་།། ངེས་མེད་སྡོད་འཐེན་ལྕམ་དྲལ་བྱེད་པ་སྟེ།། སྙིང་གི་རྩ་ལ་ལྷ་བསྲུངས་རྒྱལ་པོ་བརྟག། གློ་བའི་རྩ་ལ་ཀླུ་བདུད་ཀླུ་བཙན་བརྟག། མཆིན་པར་ས་བདག་དམ་སྲི་གྲེ་མོ་བརྟག། མཆེར་པར་གྲེ་ཕོ་གཉན་དང་ས་བདག་བརྟག།མཁལ་མ་གཡས་ལ་ཀླུ་དང་གཉན་དུ་བརྟག། མཁལ་མ་གཡོན་པ་མཚོ་སྨན་ཀླུ་བསེན་བརྟག། ཆེ་རིང་མི་གྲུང་གཡས་ལ་ཕོ་གདོན་བཟུང་།། ཆུང་ཐུང་མི་གྲུང་གཡོན་ལ་མོ་གདོན་བཟུང་།། རླུང་གི་ནད་ལ་དཀོར་བདག་རྒྱལ་པོ་གནོད།། གློ་ཚ་གཟེར་ལ་བཙན་བདུད་ཀླུ་བཙན་གནོད།། རིམས་དང་མཁྲིས་ནད་མ་མོ་བྱང་སྨན་གནོད།། དམུ་སྐྲན་འབྲས་ལྷོག་ཀླུ་གཉན་ས་བདག་གནོད།། ངོས་ཟིན་བོན་དང་མདོས་དང་བསྐྲད་པ་དང་།། བྱིན་རླབས་བཀའ་བསྒྲག་བསོད་ནམས་བསག་ལ་སོགས།། ཡུལ་ལུགས་སྦྱར་ཏེ་གང་ལ་འཚམ་པས་བཅོས།། ཚེའི་རྟགས་བླ་ཡི་རྩ་ལ་བརྟག་པ་ནི།། སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས།། མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས།། ཚེ་སྲོག་རྟེན་དུ་བླ་རྩ་འཁྱམ་པོ་བྱུང་།། བླ་རྩ་གནས་ན་བླ་ཚེ་མལ་དུ་གནས།། བླ་རྩ་འགྱུར་ལྡོག་བྱེད་ན་ཚེ་མི་བརྟན།། བླ་རྩ་བྲོས་ན་བླ་ཚེ་ཡར་ཏེ་འཆི།། ཚེ་ཆོག་འཆི་བསླུས་ཁུགས་པ་སྲིད་པ་ཙམ།། ཡར་མར་ཆུ་རྒྱུས་འོག་ནས་མི་རྒྱུ་ན།། བན་བོན་ཡིན་ན་བསྲུངས་མ་བདུད་དུ་བབས།། སྐྱེ་བོ་ཡིན་ན་ཟོར་ཁ་ཀླུ་གཉན་འགྲས།། ཕོ་ལ་གཡས་པ་འཁྱིག་སྡོད་ཕ་སྤུན་འཆི།། གཡོན་པ་འཁྱུག་ཅིང་སྡོད་ན་བུ་སྨད་འཆི།། གཉིས་ཀ་འཁྱིག་སྡོད་རང་ཉིད་གྲི་རུ་འཆི།། ཐེངས་གཅིག་སྡོད་ན་གོད་ཀ་ཁ་ཡོགས་འོང་།། བུད་མེད་གཡས་པ་འཁྱིག་སྡོད་ཁྱོ་ཕྱོགས་འཆི།། གཡོན་པ་འཁྱིག་ཅིང་སྡོད་ན་ཕ་མིང་འཆི།། གཉིས་ཀ་འཁྱིག་ཅིང་སྡོད་ན་བུ་ཁྱོ་འཆི།། སྟོང་བརྒྱལ་གོད་འོང་ཐང་འཁྱིག་ཁ་སྨྲས་འོང་།། མལ་མི་ཐུབ་ན་གདོན་གྱི་རྩ་ཡིན་ཏེ།། སྦོམ་འཁྲུག་ཕོ་གདོན་ཐུང་རྩུབ་མོ་གདོན་བཟུང་།། བླ་རྩ་སྙོམས་པར་ལན་བརྒྱ་འཕར་བ་ནི།། ལོ་བརྒྱ་ཐུབ་སྟེ་ལྔ་བཅུས་ལྔ་བཅུ་ཐུབ།། དེ་བཞིན་འཕར་རེས་ལོ་རེ་ཐུབ་པར་བཤད།། དེ་ལྟར་རྟོག་པའི་སྨན་པ་ཉན་པ་འདྲ།། ཤེས་པ་མ་ཡེངས་གཅིག་ཏུ་བསྡུས་ལ་སྤྲོ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རེག་པ་རྩ་ལ་ནད་ངོས་བཟུང་བའི་ལེའུ་སྟེ་དང་པོའོ།། །།

གོང་ངོས། ཡིག་ཆ་མི་འདུག
X