//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > རིག་གནས་ལས་རིགས། > མཚོ་སྔོན། > ནང་དོན།

ཀྲུང་གོ་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 11:51:05 ཀློག་གྲངས། 19 

     

      ཀྲུང་གོ་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བྱང་ངོས་ཏེ་ཚན་རྩལ་ཐོན་དངོས་ལྟེ་གནས་སུ་བཞེངས་སྐྲུན་བྱས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཆིག་ཁྲི་ཉིས་སྟོང་ལྷག་ཡོད། དེ་ནི་བོད་ཀྱི་མཛེས་རྩལ་དཀྱིལ་འཁོར་གྱི་ཐིག་ཚད་ལྟར་བཞེངས་ཏེ་གྲུབ་ཡོད་པར་མ་ཟད། ནང་དུ་གསོ་རིག་ལོ་རྒྱུས་གླིང་། སྨན་ཐང་ཆ་དཔྱད་གླིང་། གནའ་དཔེ་ཡིག་ཚགས་གླིང་། སྨན་རྫས་དངོས་དཔེ་གླིང་། གནམ་རིག་སྐར་རྩིས་གླིང་། ཞལ་ཐང་ཆེན་མོའི་གླིང་བཅས་ཡོད་ལ། གླིང་རེ་རེར་ཡང་རང་ལུགས་ཀྱི་ཁྱད་ཆོས་མི་འདྲ་བས་ཁེངས་ཡོད།

         གསོ་རིག་ལོ་རྒྱུས་གླིང་དུ་དུས་རབས་རིམ་བྱོན་གྱི་དཔེ་མཚོན་མི་སྣའི་འཇིམ་བརྙན་བཞེངས་ཡོད་པར་མ་ཟད། དེས་མཛད་པའི་བསྟན་བཅོས་རྩ་ཆེན་སྐོར་ངོ་སྤྲོད་བྱས་ཡོད་པ་དང་། སྨན་ཐང་ཆ་བྱད་གླིང་དུ་སྨན་ཐང་བྲིས་ཆ་བརྒྱད་ཅུ་དང་དཔྱད་ཆས་སྣ་གྲངས་བརྒྱ་དང་སུམ་ཅུ་སྐོར་བཤམས་ཤིང་། གནའ་དཔེ་ཡིག་ཚགས་གླིང་དུ་གནའ་བོའི་བརྩམས་ཆོས་ཆིག་སྟོང་ལྷག་དང་། དེང་རབས་ཀྱི་རྩོམ་དེབ་སུམ་བརྒྱ་ལྷག་བླུ་ཡོད་པ་དང་། སྨན་རྫས་དངོས་དཔེ་གླིང་དུ་རྩི་རྡོ་སྲོག་ཆགས་ཀྱི་སྨན་སྣ་ཉིས་སྟོང་ལྷག་གི་དངོས་དཔེ་ཇི་བཞིན་དུ་བཀྲམས་ཡོད། གནམ་རིག་སྐར་རྩིས་གླིང་དུ་དེའི་སྐོར་གྱི་དཔྱད་ཆས་དང་། གནའ་དཔེ། དཔེ་མཚོན་མི་སྣའི་འཇིམ་བརྙན་དང་གཞན་ཉི་ཟླའི་འཆར་ནུབ། གཟའ་སྐར་གཞན་པའི་འཁོར་བགྲོད་ལ་བརྟག་དཔྱད་བྱེད་པའི་ཚུལ་གྱི་རི་མོ་སོགས་བཀོད་ཡོད། ཀུན་འདུས་ཞལ་ཐང་ཆེན་མོའི་གླིང་དུ་ལོ་ངོ་ཉེར་བདུན་རིང་གི་བསམ་བློའི་སྟ་གོན་དང་ཇུས་འགོད་ལས་གྲུབ་པའི་རིང་ཚད་ལ་མུས་དྲུག་བརྒྱ་དང་བཅོ་བརྒྱད་ཡོད་པ་དང་། ཞེང་ཚད་ལ་མུས་གཉིས་སྟོང་ལྷག་ཡོད་པ། དེའི་སྟེང་ཐང་ག་མི་འདྲ་བ་བདུན་བརྒྱ་ལྷག་ཡོད་པའི་ཀྲུང་གོའི་བོད་ཀྱི་ཀུན་འདུས་ཞལ་ཐང་ཆེན་མོ་བཞུགས་ལ། དེས་བོད་ཁམས་འདིར་མིའི་རིགས་བྱུང་བ་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཀྱི་བྱུང་རིམ་དང་། ཆོས་ལུགས་གྲུབ་མཐའ་ཁག་གི་འཕེལ་རིམ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ནང་དོན་རྣམས་རི་མོའི་ལམ་དུ་བཀོད་ནས་འབྲི་བཞེངས་བྱས་པ་རྣམ་པ་རྒྱ་ཆེ་ཞིང་མཛེས་རྩལ་ཕུལ་དུ་བྱུང་བ་ཞིག་ཐོན་ཡོད་པས་ཀུན་གྱི་ཡིད་དབང་འཕྲོག་པར་བྱས་ཡོད། ཕྱིའི་བཀོད་པ་ཕུན་སུམ་ཚོགས་ཤིང་། ནང་གི་རྟེན་རྫས་རྩ་ཆེན་ཡིན་པའི་རིག་གནས་རྟེན་མཛོད་ཁང་འདི་བཞེངས་གྲུབ་པ་ནི་དགའ་འོས་པའི་དོན་ཆེན་ཞིག་ཡིན་ལ་འདི་ལས་བོད་གསོ་རིག་གི་འཕེལ་རྒྱས་དང་རིན་ཐང་རྟོགས་ཡོང་བར་མ་ཟད། རྗེ་གཡུ་ཐོག་པའི་ཐུགས་སྨོན་ཡང་ཇི་བཞིན་འགྲུབ་ཐུབ་པའི་དན་རྟགས་ཤིག་ཀྱང་ཡིན་ལ། འཛམ་གླིང་སྲོལ་རྒྱུན་གསོ་རིག་ཁྲོད་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་བཀོད་པ་རྒྱ་ཆེ་བ་ཞིག་ཀྱང་ཡིན་ནོ།།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X