//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ཞིབ་འཇུག་ལས་རིགས། > མཚོ་སྔོན། > ནང་དོན།

བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 11:37:32 ཀློག་གྲངས། 24 

བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་ནི་སྤྱི་ལོ་༡༩༧༤ལོར་ལྗོངས་སྨན་རྩིས་ཁང་སྨན་རྫས་ཞིབ་འཇུག་ཁང་དང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གཉིས་ཀྱི་རྨང་གཞིའི་ཐོག་གསར་དུ་བཙུགས་པ་ཡིན་ལ་ད་ཕན་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལྡན། སྤྱི་ལོ་༡༩༩༡ལོ་ནས་བཟུང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ལྷག་པར་དུ་ལྔ་ཚན་བཅུ་གཅིག་རིང་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་ཞིབ་འཇུག་སོའོ་ཡི་ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་བཞེངས་སྐྲུན་བྱས་པ་དང་། སྤྱི་ལོ་༢༠༠༦ལོར་དངོས་སུ་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་ཞེས་པའི་གོ་མིང་བསྩལ་ཏེ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་།

     ཞིབ་འཇུག་ཁང་འདིར་ཆེད་ལས་ཞིབ་འཇུག་མི་སྣ་༣༠ལྷག་ཙམ་ཡོད་ལ། དེའི་ནང་འབུམ་རམས་པའི་ཐོབ་ཐང་བཞེས་མཁན་དགུ་དང་། རབ་འབྱམས་པ་བདུན། དཀའ་བཅུ་བ་བཅུ་བཞི་བཅས་འཛོམས་ཡོད། མིག་སྔར་ཚན་ཞིབ་ཚན་ཁག་ལ་བོད་ལུགས་སྨན་རྫས་དུག་ནུས། བོད་ལུགས་སྨན་རྫས་སྨན་ནུས་ཞིབ་འཇུག   ཆ་འཕྲིན་ཞིབ་འཇུག   བོད་ལུགས་སྨན་རྫས་ཞིབ་འཇུག    བོད་ལུགས་གསོ་རིག་རིག་གཞུང་ཞིབ་འཇུག   གནམ་རིག་སྐར་རྩིས་ཞིབ་འཇུག་བཅས་ཚན་རིག་ཞིབ་འཇུག་ཚན་པ་ཁག་དྲུག་ཙམ་དང་། རྒྱལ་ཁབ་རིམ་པའི་སྨན་པ་ཆེན་མོའི་རིག་གཞུང་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་རིམ་པའི་བོད་ལུགས་སྨན་རིགས་ནད་ཐོག་གདེང་འཇོག་གཙོ་གནད་ཞིབ་འཇུག་ལྟེ་གནས་བཅས་ཚན་ཁག་གཞན་ཡང་བཙུགས་ཡོད།

     ངེད་ཞིབ་འཇུག་ཁང་གིས་བོད་ལུགས་གསོ་རིག་བརྒྱུད་འཛིན་ཐད་དུ་ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་དང་། ཀྲུང་ཧྭ་སྔོ་འབུམ་ལས་བོད་ཀྱི་གསོ་བ་རིག་པ། བདུད་རྩི་སྨན་གྱི་འཁྲུངས་དཔེ་དང་། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་ལས་སྐར་རྩིས་ཀྱི་སྐོར། རྒྱུད་བཞིའི་ཚོན་ཁྲ་ཅན་གྱི་སྨན་ཐང་བརྒྱད་བཅུའི་འགྲེལ་བ་བེེཌྰུརྱའི་འོད་སྣང་། གཞན་བོད་རྒྱ་དབྱིན་གསུམ་གྱི་གནའ་དེང་བོད་ལུགས་གསོ་རིག་རིག་གཞུང་དཀར་ཆག བོད་ལུགས་སྨན་གྱི་ནད་ཐོག་ཞིབ་འཇུག་དང་དེང་རབས་སྤྱོད་ཐབས་ལ་སོགས་རིག་གཞུང་ཆུ་ཚད་མཐོ་ཞིང་པར་སྐྲུན་སྤུས་ལེགས་ཡིན་པའི་དཔེ་དེབ་༣༦ཙམ་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས། དུས་མཚུངས་སུ་དཔེ་རྙིང་ཁྱོན་༡༣༠༠ལྷག་མྱུར་སྐྱོབ་དང་བསྡུ་རུབ་གནང་ཡོད་ལ་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཁག་ནང་འབྲེལ་ཡོད་དཔྱད་རྩོམ་༡༥༠ཡན་ཙམ་སྤེལ། ད་དུང་སྨན་གསར་ལྔ་ལ་རྒྱལ་ཁབ་ཀྱིས་ཆོག་མཆན་དཔང་ཡིག་གནང་བ་དང་སྨན་གསར་གཉིས་ལ་ནད་ཐོག་ཞིབ་འཇུག་བྱས་ཆོག་པའི་ཡིག་ཆ་ཐོབ་ཡོད། ཚན་ཞིབ་གྲུབ་འབྲས་སྐོར་ལ་༢༠༠༦ལོར་ལྗོངས་ཚན་རྩལ་ཐིན་གྱིས་བོད་སྨན་སྤུས་ཚད་ཚད་གཞིའི་ཞིབ་འཇུག་ལས་གཞི་དེ་རྒྱལ་ཁབ་ལོ་ལྔ་ཚན་བཅུ་གཅིག་གི་འཆར་འགོད་ནང་འདེམས་པ་དང་། རྒྱལ་ནང་གི་ཞིབ་འཇུག་ཚན་པ་ཁག་དྲུག་སྒྲིག་འཛུགས་ཀྱི་སྨན་སྣ་༢༠༠ཙམ་ལ་ཚད་ལྡན་གྱི་ཞིབ་འཇུག་བྱས་ཡོད་པ་དེས་བོད་སྨན་ཐོན་སྐྱེད་ཀྱི་སྤུས་ཚད་ཚད་ལྡན་ཡོང་རྒྱུར་གལ་ཆེའི་ནུས་པ་ཐོན་བཞིན་ཡོད། གཞན་ད་དུང་སྒྲུབ་བཞིན་པའི་ལས་གཞི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༣༠༠༠ཡན་གྱི་སྲོག་ཆགས་གསོ་ཚགས་ཚོད་ལྟའི་ཞིབ་འཇུག་ལས་དོན་ཕྱོགས་ཡོངས་ནས་གཉེར་མགོ་ཚུགས་ཤིང་བོད་ལུགས་སྨན་རྫས་ཀྱི་སྨན་ནུས་ལ་མཆིས་པའི་ཉེས་སྐྱོན་ཞིབ་འཇུག་དང་། རྒྱལ་ཁབ་ཚན་རྩལ་པུའུ་འགག་བསྒྲོལ་ལས་གཞི་ལས་སྨན་རིགས་སྣ་ལྔའི་བདེ་འཇགས་རང་བཞིན་གྱི་གདེང་འཇོག་ཞིབ་འཇུག་ལས་གཞི་བཅས་ཡོད། ལྷག་ཏུ་བོད་སྨན་གྱི་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཆེད་སྔོ་སྨན་འོལ་མོ་སེ་དང་། ལྡུམ་ནག་དོམ་མཁྲིས་ལ་སོགས་མིའི་ཐབས་ཀྱིས་འདེབས་འཛུགས་དང་སོན་རྒྱུ་འཚར་འཕེལ་གྱི་ལག་རྩལ་སོགས་ཀྱང་ཞིབ་འཇུག་བགྱི་བཞིན་ཡོད་པ་དེས་རང་ལྗོངས་སུ་མིའི་ཐབས་ཀྱིས་སྨན་རྒྱུ་འདེབས་འཛུགས་མེད་པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ། ལྔ་བཅུ་གཅིག་གི་འགག་སྒྲོལ་ལས་གཞི་ཁག་དང་། ཞིང་ཆེན་རིམ་པའི་ཚན་ཞིབ་ལས་གཞི་བཅས་སྡོམ་ཚན་ཞིབ་ལས་གཞི་༦༦སྒྲུབ་ཚར།      

     ངེད་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་ལོ་ངོ་སུམ་ཅུའི་རིང་ལ་མི་རིགས་གསོ་རིག་ལས་དོན་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུ་བཏོན་ལ། གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བླངས་ཐོན་པས་ལྗོངས་ཡོངས་སམ་རྒྱལ་ནང་ཡོངས་སུ་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་སོང་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་མང་དུ་བྱུང་ཡང་། ང་ཚོ་ཞིབ་འཇུག་ཁང་ནི་དེ་ཙམ་གྱི་འབྲས་བུ་ལ་ཡིད་ཚིམ་མེད་པར་ད་དུང་རང་སྟོབས། རང་སྤེལ། དངོས་ཐོག   གསར་གཏོད། ཡར་འཕེལ་བཅས་ཀྱི་འཛུགས་སྐྱོང་ལྟ་བ་སེམས་སུ་གཉེར་ཏེ་ཚན་རྩལ་གསར་གཏོད་ཐུབ་ཅིང་། ཐོན་སློབ་ཞིབ་གསུམ་གྱི་ཚན་རྩལ་ཞིབ་འཇུག་ཁང་མཆོག་ཏུ་གྱུར་པ་ཞིག་ཏུ་ཆགས་པའི་སྤོབས་སེམས་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གལ་ཆེའི་ནུས་པ་འདོན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།

X