//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > ཀན་སུའུ། > ནང་དོན།

དཔའ་རིས་རྫོང་བོད་སྨན་གསར་སྤེལ་ཞིབ་འཇུག་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 9:53:01 ཀློག་གྲངས། 10 

   

    དཔའ་རིས་རྫོང་བོད་སྨན་གསར་སྤེལ་ཞིབ་འཇུག་ཁང་ནི་སྤྱི་ལོ་༢༠༠༤ལོའི་ཟླ༩བར་དངོས་སུ་བཙུགས་ཏེ། བོད་ལུགས་སྨན་རྫས་ལས་སྣོན་གསར་སྤེལ་ཞིབ་འཇུག་དང་། སྨན་རྫས་སྨན་ནུས་ཐོན་ལུགས་ལ་ཞིབ་འཇུག བོད་ལུགས་སྨན་རྫས་ལ་ཞིབ་གཤེར། བོད་ལུགས་སྨན་རྫས་འདེབས་འཛུགས་ཚོད་བལྟ། གསོ་རིག་གཞུང་ལུགས་ལ་ཞིབ་འཇུག་བཅས་བྱེད་ཀྱིན་ཡོད། ཆེད་ལས་ལག་རྩལ་མི་སྣ་ཉི་ཤུ་རྩ་གཉིས་དང་། དེའི་ནང་མཐོ་རིམ་ལས་ཐོག་པ་བཞི། འབྲིང་རིམ་ལས་ཐོག་པ་དྲུག་བཅས་ཡོད། ཚན་ཁག་ལ་ཚད་ལྡན་ཡིག་ཆ་དང་གནའ་གཞུང་ཞིབ་འཇུག་ཁང་། གཞུང་ལུགས་དང་བརྡ་འཕྲིན་ཞིབ་འཇུག་ཁང་། སྨན་རྫས་སྨན་ནུས་ཐོན་ལུགས་ཞིབ་འཇུག་ཁང་། སྨན་རྫས་འདེབས་འཛུགས་ཞིབ་འཇུག་ཁང་། ཆེད་ལས་བརྟག་བཅོས་ལག་རྩལ་ཞིབ་འཇུག་ཁང་། སྨན་བཟོ་ལྟེ་གནས། མཆོད་རྟེན་ཐང་བོད་སྨན་ཁང་སོགས་བཙུགས་ཡོད།     

    དཔའ་རིས་རྫོང་བོད་སྨན་གསར་སྤེལ་ཞིབ་འཇུག་ཁང་བཙུགས་ནས་སྔ་རྗེས་སུ་བོད་ལུགས་གསོ་རིག་ཕྱོགས་ཀྱི་གྲོས་ཚོགས་ཐེངས་གཉིས་གཙོ་འགན་བཞེས་ནས་བསྒྲུབས་པ་དང་། དཔའ་རིས་ཡུལ་གྱི་བོད་ལུགས་སྨན་རྫས་ཐོན་ཁུངས་ལ་འཚོལ་ཞིབ་བྱས་ཏེ། དཔའ་རིས་ཡུལ་གྱི་སྨན་རྫས་སྐོར་ཡིག་ཐོག་ཏུ་བཀོད་མེད་པའི་སྟོང་ཆ་ཁ་སྐོང་ཏེ་དཔའ་རིས་ཡུལ་གྱི་བདུད་རྩི་སྨན་གྱི་འཁྲུངས་དཔེ་དང་། ནད་རིགས་སོ་སོའི་བརྟག་ཚུལ་གསལ་བའི་སྒྲོན་མ། དཔའ་རིས་ཡུལ་དུ་བྱུང་བའི་སྨན་པ་རིམ་བྱོན་རྣམས་ཀྱི་བྱུང་རབས་མདོར་བསྡུས། རྒྱུན་སྤྱོད་བོད་སྨན་ཕྱོགས་བསྒྲིགས། དཔའ་རིས་བོད་སྨན་ཞིབ་འཇུག་ཞེས་པའི་དུས་དེབ་སོགས་སོགས་རྩོམ་སྒྲིག་བྱས།

སྤྱི་ལོ་༢༠༠༦ལོར་ཞིབ་འཇུག་ཁང་གིས་གཙོ་འགན་འཁུར་ནས་དཔའ་རིས་ཡུལ་གྱི་ལོ་རྒྱུས་ཐོག་ཐེངས་དང་པོར་རིན་ཆེན་བཙོ་ཐལ་གྱི་སྦྱོར་བཟོ་ལེགས་འགྲུབ་བྱུང་ཏེ། རིན་ཆེན་མུ་ཏིག་བདུན་ཅུ་དང་། རིན་ཆེན་མང་སྦྱོར་སོགས་རིན་ཆེན་རིགས་ཀྱི་སྨན་སྦྱོར་བཅུ་ལྷག་གིས་གཙོ་བྱས་སྨན་སྦྱོར་རིགས་སུམ་བརྒྱ་ཟིན་ཙམ་སྦྱར། ལྷག་པར་དུ་དཔའ་རིས་རིལ་དཀར་དང་། དཔའ་རིས་རུས་སྦྱོར་བདུད་རྩི་སོགས་དཔའ་རིས་རྟགས་ཅན་གྱི་སྨན་སྦྱོར་གསུམ་ལ་རྒྱལ་ཁབ་ཀྱི་གསར་གཏོད་བདག་དབང་གི་དཔང་ཡིག་ཐོབ།

སྤྱི་ལོ་༢༠༡༠ལོ་ནས་བཟུང་དཔའ་རིས་རྫོང་གི་བོད་སྨན་ལས་དོན་རྩེ་གཅིག་ཏུ་སྒྲུབ་པས་གོང་རིམ་གྱིས་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གསོ་རིག་འཕེལ་རྒྱས་ཀྱི་ཨང་གཉིས་པའི་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་ཧང་འཕུར་མེ་ཀྲུང་ལུགས་གསོ་རིག་ཚན་རྩལ་ཡར་རྒྱས་ཀྱི་ཨང་གསུམ་པའི་བྱ་དགའ། ལན་གྲུ་གྲོང་ཁྱེར་ཚན་རྩལ་ཡར་རྒྱས་ཀྱི་ཨང་དང་པོའི་བྱ་དགའ་སོགས་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་བཅུ་ལྷག་བླངས་ཡོད།

ད་ལྟ་དཔའ་རིས་རྫོང་བོད་སྨན་གསར་སྤེལ་ཞིབ་འཇུག་ཁང་གི་ལས་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཆེས་མཐོའི་བྱ་གཞག་གི་བསམ་པ་དང་ལོ་རྒྱུས་ཀྱི་ཕྲག་འགན་བླུར་ལེན་པའི་འདུ་ཤེས་བཅངས་ནས་དཀའ་སྤྱད་འབད་འཐབ་བྱས་ཏེ་བོད་ལུགས་གསོ་རིག་རྒྱུད་འཛིན་འཕེལ་རྒྱས་ལ་བརྩོན་ལས་བྱེད་བཞིན་ཡོད།

X