//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > ཀན་སུའུ། > ནང་དོན།

ཀན་སུའུ་ཞིང་ཆེན་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 9:04:50 ཀློག་གྲངས། 13 

ཀན་སུའུ་ཞིང་ཆེན་བོད་སྨན་ཁང་ནི་སྤྱི་ལོ་༡༩༨༠ལོར་བཙུགས་ཏེ། ད་སྔའི་བར་དེའི་ཁོངས་སུ་བོད་སྨན་ཁང་དང་བོད་སྨན་བཟོ་གྲྭ། གཞུང་ལུགས་ཞིབ་འཇུག་ཁང་། ནད་ཐོག་ལག་ལེན་ཞིབ་འཇུག་ཁང་། སྨན་རྫས་ཞིབ་འཇུག་ཁང་སོགས་གསོ་རིག་ཞིབ་འཇུག་གི་མ་ལག་འཐུས་ཚང་ཞིག་འཛུགས་སྐྲུན་བྱས་ཏེ་ཀན་སུའུ་ཞིང་ཆེན་གྱི་བོད་ཀྱི་གསོ་རིག་གི་ཚན་ཞིབ་དང་སྨན་བཅོས། སྨན་རྫས་སྡེབ་སྦྱོར་དང་གསར་བཟོ། ནད་ཐོག་སློབ་ཁྲིད་སོགས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    དེ་ཡང་བགྲང་བྱ་བཅུ་ཕྲག་གསུམ་ཙམ་ལ་ཉེ་བའི་རིང་ང་ཚོས་བོད་ལུགས་གསོ་རིག་རྒྱུད་འཛིན་དང་འཕེལ་རྒྱས། སྔོག་སྤེལ་གྱི་འོས་འགན་ཆེན་པོ་ཕྲག་ཏུ་འཁུར་ནས་འབད་བརྩོན་བྱས་པ་བརྒྱུད་གྲུབ་འབྲས་ཀྱང་ཕུན་སུམ་ཚོགས་པ་བླངས་ཡོད་དེ། སྔ་ཕྱིར་བོད་ཀྱི་གསོ་རིག་གི་གནའ་དཔེ་དག་སྒྲིག་དང་སློབ་དེབ་རྩོམ་སྒྲིག་སོགས་དཔེ་དེབ་ཉི་ཤུ་ལྷག་པར་བསྐྲུན་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལག་གཞིའི་སྐོར་ལའང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཚན་ཞིབ་ལས་གཞི་བོད་ཀྱི་གསོ་རིག་དང་སྐར་རྩིས་རིག་པའི་ཚིག་མཛོད་དང་། ཞིང་ཆེན་ཚན་རྩལ་ཐིན་གྱི་ཚན་ཞིབ་གཙོ་གནད་ལས་གཞི་བོད་སྨན་སྲོལ་རྒྱུན་བདེ་སྲུང་རིལ་བུ་ཁམས་གསོ་ནོར་བུའི་ཞིབ་འཇུག་དང་གསར་བཟོ་སོགས་ལས་གཞི་བཅུ་གཉིས་ལྷག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དང་། རིན་ཆེན་བཙོ་ཐལ་གྱི་འདུལ་སྦྱོང་སོགས་ལ་ཞིང་ཆེན་དང་ཁུལ་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་སོགས་ཐེངས་བཅོ་ལྔ་ལྷག་ཐོབ་མྱོང་། གཙོ་གཉེར་བྱས་པའི་ནང་ཁུལ་དུས་དེབ་བོད་ཀྱི་གསོ་རིག་ཞིབ་འཇུག་ཅེས་པ་བསྟུད་མར་ཐེངས་བཅོ་བརྒྱད་ཙམ་རྩོམ་སྒྲིག་འགྲེམ་སྤེལ་བྱས་པ་དང་། དུས་ད་ལྟའང་རྒྱུན་མ་ཆད་པར་སྤུས་ཀ་ཇེ་ལེགས་དང་ནང་དོན་ཇེ་ཟབ་ཏུ་བཏང་སྟེ་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་བཞིན་མཆིས། ཁྱད་པར་དུ་ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་དང་མཉམ་འབྲེལ་སྒོས་བོད་ལུགས་གསོ་རིག་རིག་གཞུང་གྲོས་ཚོགས་ཐེངས་དྲུག་ཚོགས་ཏེ་རྒྱ་ཆེའི་གསོ་རིག་ལས་བྱེད་རྣམས་ལ་ཉམས་མྱོང་བརྗེ་རེས་དང་སློབ་སྦྱོང་གི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཡོད། གཞན་ཞིབ་འཇུག་གླིང་གི་ཟུར་གཏོགས་བོད་སྨན་ཁང་གི་ཕོ་ནད་ཚན་ཁག་དང་། དྲེག་གྲུམ་ཚག་ཁག་གཉིས་ཀྱིས་ཕོ་མཆིན་ནད་རིགས་སྐོར་གྱི་རྒྱལ་ཁབ་རིམ་པའི་ནད་ཐོག་ཞིབ་འཇུག་གི་ལས་གཞི་མང་བོ་འགན་ལེན་ལེགས་གྲུབ་བྱུང་བ་ལ་སྔ་རྟིང་དུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་གི་ཕོ་བའི་ནད་ཀྱི་ཆེད་ལས་ཚན་ཁག་གི་འཛུགས་སྐྲུན་གཙོ་གནད་གནས་གཞི་དང་ཞིང་ཆེན་རིམ་པའི་དྲེག་གྲུམ་ནད་ཀྱི་ཆེད་ལས་ཚན་ཁག་གི་འཛུགས་སྐྲུན་གཙོ་གནད་གནས་གཞིར་ཆོག་མཆན་བཀོད་པ་དང་། དེ་དང་ལྷན་དུ་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་མ་ལག་གི་སྨན་པའི་ཀུན་སྤྱོད་ཚད་ལྡན་ཅན་གྱི་སྔོན་ཐོན་སྡེ་ཁག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་སྡེ་ཁག    གཞི་རིམ་གྱི་ཏང་གི་སྔོན་ཐོན་རྩ་འཛུགས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཚན་རིག་ཁྱབ་སྤེལ་སྔོན་ཐོན་སྡེ་ཁག་སོགས་སུ་བདམས། ཟུར་གཏོགས་སྨན་རྫས་བཟོ་གྲྭར་GMPཚད་གཞིའི་སྨན་བཟོ་དཔང་ཡིག་ཐོབ་ཡོད་པ་དང་། ད་ལྟ་ཐོན་རྫས་ཨང་ཡིག་ཐོབ་པའི་སྨན་རྫས་སུམ་བརྒྱ་ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་དེ། དེའི་ནང་དུ་རྒྱལ་ཁབ་རིམ་པའི་ཆོག་མཆན་ཨང་ཡིག་ཐོབ་པའི་སྨན་རྫས་ཉི་ཤུ་ལྷག་ཡོད་པ་དང་། གཡུ་རྙིང་ཉེར་ལྔ་གཙོ་བྱས་པའི་སྨན་སྦྱོར་བཞི་ནི་རྒྱལ་ཁབ་ཀྲུང་སྨན་སྲུང་སྐྱོབ་ཐོན་རྫས་ཀྱིས་གྲས་སུ་ཚུད་ཡོད།།

        མདོར་ན་ང་ཚོས་བོད་ལུགས་གསོ་བ་རིག་པའི་མ་འོངས་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ་ཞིབ་འཇུག་ལས་གཞི་གཙོར་བཟུང་ཐོག    ནད་གཞི་གསོ་བཅོས་དང་སྨན་གསར་སྦྱོར་བཟོ། སྨན་རྩིས་ཟུང་འབྲེལ། གནའ་དཔེ་སྔོག་འདོན་སོགས་ལ་ཤུགས་བསྣན་ཏེ་བོད་ཀྱི་གསོ་བ་རིག་པའི་བྱ་བཞག་གོང་ནས་གོང་དུ་འཕེལ་བར་འབད་བརྩོན་བྱེད་བཞིན་མཆིས་སོ། །

གོང་ངོས། ཡིག་ཆ་མི་འདུག
X