//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > སློབ་གསོ་ལས་རིགས། > ཀན་སུའུ། > ནང་དོན།

ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:21:58 ཀློག་གྲངས། 17 

མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཙོས་གྲོང་ཁྱེར་དུ་གནས་པའི་ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནི་བོད་ལུགས་གསོ་བ་རིག་པ་གཞིར་བཟུང་བའི་སློབ་གསོ་དང་ཞིབ་འཇུག་གི་མ་ལག་ཟུང་དུ་འབྲེལ་བའི་བོད་ལུགས་གསོ་རིག་མཐོ་རིམ་སློབ་གྲྭ་ཞིག་སྟེ། སློབ་གསོའི་མ་ལག་ཆ་ཚང་ཞིང་སྲོལ་རྒྱུན་རིག་གནས་དང་དེང་རབས་སློབ་གསོ་ཟུང་འབྲེལ་གྱི་ཁྱད་ཆོས་མངོན་པར་དོད་པའི་སློབ་གྲྭ་ཞིག་ཡིན།

     སློབ་གྲྭ་འདི་ཐོག་མར་སྤྱི་ལོ་༡༩༨༩ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་གནང་བ་ལྟར་ཀན་སུའུ་ཀྲུང་དབྱི་སློབ་ཆེན་དུ་བོད་ལུགས་གསོ་རིག་སྡེ་ཁག་ཅིག་འཛུགས་པའི་འཆར་གཞི་འོག    ཀན་ལྷོ་ཁུལ་སྲིད་གཞུང་དང་ཞིང་ཆེན་སློབ་གསོ་ཐིང་། ཀན་སུའུ་ཀྲུང་དབྱི་སློབ་ཆེན་བཅས་ཀྱིས་བོད་ལུགས་གསོ་རིག་སློབ་གསོའི་དམིགས་བསལ་རང་བཞིན་ལ་དམིགས་ཏེ་ཀན་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་རུ་དངོས་སུ་བོད་ལུགས་གསོ་རིག་སྡེ་ཁག་བཙུགས། སྤྱི་ལོ་༢༠༠༠ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས་ཀན་སུའུ་ཀྲུང་དབྱི་སློབ་ཆེན་དུ་བོད་ལུགས་གསོ་རིག་གི་ལོ་ལྔའི་སློབ་ཡུན་གྱི་དངོས་ཚན་སློབ་གསོ་བསྒྲུབ་ཆོག་པའི་ཆོག་མཆན་གནང་ཞིང་། སྡེ་ཁག་གི་འཕེལ་རྒྱས་དང་བསྟུན་ཏེ་སྤྱི་ལོ༢༠༠༡ལོར་ཀན་སུའུ་ཀྲུང་དབྱི་སློབ་ཆེན་གྱིས་སྡེ་ཁག་དེ་ཉིད་སློབ་གླིང་དུ་བསྒྱུར། ད་ལྟ་སློབ་གླིང་འདིར་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་ཆོག་པའི་གོ་དབང་ཡང་ཐོབ་ཡོད།

    སློབ་གླིང་འདིའི་སྤྱིའི་རྒྱ་ཁྱོན་མུའུ་༧༡.༡༡ཙམ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༡༦༠༠༠ཡོད་པ་དང་། རྒྱུ་དངོས་སྒོར་ཁྲི་༡༧༣༠ཡོད། དེང་སྐབས་སློབ་གླིང་དུ་ལས་བྱེད་མི་སྣ་༡༣༡ཡོད་པ་ལས་༩༦ནི་ཆེད་གཉེར་གྱི་དགེ་རྒན་ཡིན་ལ། དེའི་ནང་དུ་དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་ཐོབ་ཐང་བཞེས་མཁན་༢༡དང་། འཆད་ཁྲིད་དགེ་རྒན་༤༡ཡོད། འཆད་ཁྲིད་ཡན་གྱི་གོ་མང་ཡོད་པའི་དགེ་རྒན་གྱིས་དགེ་རྒན་ཡོངས་ཀྱི་བརྒྱ་ཆའི་༦༥ཟིན་ཡོད་པ་དང་། གཞན་ད་དུང་ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆེ་བའི་སྨན་པ་བསྟན་འཛིན་དོན་གྲུབ་སོགས་མཁས་དབང་བདུན་གདན་ཞུས་དགེ་རྒན་ཆེན་མོར་བསྐོས་ཏེ་བོད་ལུགས་གསོ་བ་རིག་པའི་རིག་གཞུང་འཆད་ཁྲིད་དང་མཛུབ་སྟོན་གནང་བཞིན་ཡོད།

    ད་སྔ་སློབ་གླིང་དུ་བོད་གསོ་དངོས་གཞི། བོད་ལུགས་སྨན་སྦྱོར་ཆེད་སྦྱོང་། བོད་གསོ་ཆེད་སྦྱོང་དང་། དར་མའི་བོད་གསོ་ཆེད་སྦྱོང་དང་དངོས་ཚན་བཅས་ཆེད་ལས་ཁག་ལྔ་དང་། བོད་ལུགས་གསོ་རིག་གི་རྨང་གཞིའི་རིག་ཚན་དང་། ནད་ཐོག་རིག་ཚན། སྨན་སྦྱོར་རིག་ཚན། ཕྱི་ལུགས་གསོ་རིག་གི་རྨང་གཞིའི་རིག་ཚན་དང་། ནད་ཐོག་རིག་ཚན། སྨན་སྦྱོར་རིག་ཚན། ཕྱི་ལུགས་གསོ་རིག་གི་ནད་ཐོག་རིག་ཚན། རྨང་གཞི་རིག་ཚན་སོགས་ཚན་ཁག་དྲུག་དང་། སྨན་ངོ་དངོས་སྟོན་ཁང་དང་འདུལ་སྦྱོང་ཚོད་ལྟ་ཁང་། བཤགས་ལས་ཚོད་ལྟ་ཁང་། སྨན་ཐང་འགྲེམ་སྟོན་ཁང་སོགས་ཚོད་ལྟ་ཁང་༡༣ཡོད། དཔེ་མཛོད་ཁང་དུ་རྒྱ་བོད་ཡིག་རིགས་སོགས་ཀྱི་དཔེ་དེབ་༡༡.༣ལྷག་ཙམ་བཞུགས། གཞན་སྨྱན་མང་གཟུགས་སློབ་ཁང་ལྔ་དང་རྩིས་འཁོར་སློབ་ཁྲིད་ཁང་༣བཅས་དེང་རབས་ཀྱི་སློབ་ཁྲིད་མཁོ་ཆས་ཀྱང་ཕུན་སུམ་ཚོགས་པ་མཆིས། ཆ་རྐྱེན་འཛོམས་པོ་ཡོད་པའི་སྨན་ཁང་༢༣སློབ་ཁྲིད་སྨན་ཁང་དང་དངོས་སྦྱོང་སྨན་ཁང་དུ་གཏན་ཁེལ་བྱས་ཡོད། སློབ་གླིང་དུ་མིག་སྔར་འཛིན་གྲྭ་༨དང་། སློབ་མ་༤༠༠འདུག་པ་དང་། དེའི་ནང་དངོས་གཞི་དཀྱུས་མའི་སློབ་མ་༣༡༦ཡོད། ད་ལྟའི་བར་དུ་དངོས་གཞི་དང་ཆེད་སྦྱོང་གི་སློབ་མ་༩༠༠ལྷག་བསྐྱེད་བསྲིང་བྱས་ཤིང་། དེ་དག་མང་ཆེ་བས་ཀན་སུའུ་ཞིང་ཆེན་དང་ཉེ་འཁོར་གྱི་སི་ཁྲོན། མཚོ་སྔོན་སོགས་སུ་བོད་ལུགས་གསོ་བ་རིག་པའི་ལག་ལེན་དང་སློབ་གསོ། ཞིབ་འཇུག   ཁེ་ལས་བཅས་ཀྱི་བྱ་བ་བསྒྲུབས་དང་སྒྲུབ་མུས་སུ་མཆིས།

    དགེ་རྒན་ཚོས་སློབ་ཁྲིད་ཀྱི་ཞོར་དུ་དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ༣དང་། འབྲིང་རིམ་གསོ་རིག་སློབ་དེབ་༦   བོད་སྨན་ཆེད་སྦྱོང་བའི་སློབ་དེབ་༡༧   བོད་ལུགས་གསོ་རིག་སློབ་གླིང་གཞན་དང་མཉམ་འབྲེལ་གྱིས་བོད་ལུགས་སྨན་སྦྱོར་དངོས་གཞིའི་སློབ་དེབ༧བཅས་གཙོ་སྒྲིག་དང་རྩོམ་སྒྲིག་བྱས་པ་མ་ཟད། ད་དུང་རྒྱུན་མཐོང་ནད་རིགས་གསོ་ཐབས་དང་། འབྲས་ནད་ཀྱི་བརྟག་བཅོས་དང་ཞིབ་འཇུག   བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས། རྒྱལ་ཕྱིའི་བོད་ཀྱི་གསོ་རིག་ཞིབ་འཇུག་སོགས་དཔེ་ཆ་དྲུག་དངོས་སུ་དཔེ་སྐྲུན་བྱས། མིག་སྔར་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་བཞི་དང་། ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་བཞི་བསྒྲུབ་བཞིན་ཡོད་པ་དང་། བོད་སྨན་མཐོ་རིམ་སློབ་གསོ།   ཀན་ལྷོའི་འཕྲོད་བསྟེན་སློབ་གསོ་ཞེས་པའི་གཞུང་དུས་དེབ་གཉིས་ལོ་ལྟར་པར་སྐྲུན་བྱེད་བཞིན་པ་སོགས་ཀན་སུའུ་ཞིང་ཆེན་གྱི་གསོ་རིག་སློབ་གསོ་དང་བོད་ལུགས་གསོ་བ་རིག་པའི་བསྟན་པ་ཅིག་ཅར་རྒྱས་པར་རྔོ་ཐོག་པའི་སློབ་གསོའི་བྱ་གཞག་གང་ཡོད་ལ་ཁོ་ཚོས་འབད་པ་ཆེར་བསྐྱེད་བཞིན་ཡོད་དོ།།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X