//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > སློབ་གསོ་ལས་རིགས། > མཚོ་སྔོན། > ནང་དོན།

མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 16:56:08 ཀློག་གྲངས། 45 

    མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་ནི་སྤྱི་ལོ༡༩༨༢ལོར་རྒྱལ་ཁབ་སློབ་ཨུས་ཆོག་མཆན་གནང་ནས་གསར་དུ་བཙུགས་པའི་རིམ་པ་གཉིས་པའི་སློབ་གྲྭ་ཆེན་མོ་ཞིག་ཡིན་ལ། དུས་ད་ལྟ་ལ་ཐུག་པའི་བར་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་ཤེས་ལྡན་མི་སྣ༡༠༠༠ལྷག་སྐྱེད་སྲིང་བྱས་ཏེ་མཚོ་སྔོན་ཞིང་ཆེན་གཙོས་མདོ་སྨད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་བཞག་ཐད་དུ་གཞན་གྱིས་བསྒྲུན་པར་དཀའ་ཞིང་འཐུས་ཚབ་བྱེད་མི་ནུས་པའི་མཛད་རྗེས་ཆེན་པོ་བསྐྲུན། སློབ་གླིང་འདིར་ད་ལྟ་དངོས་ཚན་སློབ་གསོ་དང་། ཆེད་ཚན་སློབ་གསོ། དར་མའི་སློབ་གསོ། ཞིབ་འཇུག་སློབ་མའི་སློབ་གསོ། ཕྱི་འགྲིམ་སློབ་མའི་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་བོད་ཀྱི་གསོ་བ་རིག་པའི་སློབ་གསོ་མ་ལག་ཆ་ཚང་བ་ཞིག་གྲུབ་ཡོད།

    སྤྱི་ལོ༢༠༠༦ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ལ་བོད་ཀྱི་གསོ་རིག་གི་པོ་ཧྲིའི་བསླབ་གནས་གནང་དབང་ཡོད་པའི་སློབ་གྲྭར་ཆོག་མཆན་གནང་བ་ཡིན། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་པོ་ཧྲིའི་བསླབ་གནས་ཀྱི་སྟོང་ཆ་ཁ་བསྐང་བ་དང་ཆབས་ཅིག་མིག་སྔར་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ཀྱི་གསོ་བ་རིག་པའི་པོ་ཧྲི་བསླབ་གནས་ཀྱི་གནང་དབང་ཡོད་པའི་བོད་ལུགས་གསོ་རིག་སློབ་གླིང་གཅིག་པུར་གྱུར།

    སློབ་གླིང་འདིས་གངས་ཅན་གསོ་བ་རིག་པ་སྲོག་རྩར་འཛིན་པ་དང་། བོད་ཕྱི་ཟུང་འབྲེལ་བྱེད་པའི་ཁྱད་ཆོས་འབུར་དུ་དོད་པ། སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རིག་གཉིས་མཉམ་དུ་བསྟར་བ་བཅས་ཀྱི་སློབ་གསོའི་བསམ་བློ་རྒྱུན་འཁྱོངས་བྱས་ཐོག   བོད་ལུགས་སྨན་པའི་ཆེད་ལས་དང་། བོད་ལུགས་སྨན་གཉེར་ཆེད་ལས། བོད་སྨན་དོ་དམ་ཆེད་ལས། བོད་ཕྱི་ཟུང་འབྲེལ་ཆེད་ལས། བོད་ལུགས་ནད་སྐྱོང་ཆེད་ལས། ཐུན་མོང་འཕྲོད་བསྟེན་ཆེད་ལས་སོགས་རིག་ཚན་གསར་བའམ་ཉེར་མཁོའི་ཆེད་ལས་དུ་མ་འཛུགས་སྐྲུན་སྒོས་སྣ་འཛོམས་རང་བཞིན་གྱི་ཆེད་ལས་ལག་རྩལ་མི་སྣ་སྐྱེད་སྲིང་བགྱིས་དང་བགྱིད་བཞིན་པའི་སྒང་ཡིན་པ་མ་ཟད། སླད་ཕྱིན་ཧྲོ་ཧྲི་དང་པོ་ཧྲི་སློབ་མ་གསོ་སྐྱོང་གནང་བའི་ཞིབ་འཇུག་གི་ཁ་ཕྱོགས་ཆེན་པོ་གཉིས་ཏེ། བོད་ཀྱི་གསོ་རིག་ལོ་རྒྱུས་ཡིག་ཚང་དང་རྩ་བའི་གཞུང་ལུགས་སྐོར་དང་། སྨན་རྫས་གྲུབ་ལུགས་རིགས་པ་དང་འདུལ་སྲེག་ལག་ལེན་སྐོར་ཏེ་རིག་སྒོ་དེ་གཉི་ག་ཚན་སྤེལ་བཞིན་པའི་སྐབས་ཀྱང་ཡིན།།

    དེ་ཡང་བོད་ཀྱི་གསོ་རིག་གི་མཐོ་རིམ་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཆེད་དུ་ཉེ་བའི་ལོ་དུ་མའི་རིང་སློབ་དེབ་འཛུགས་སྐྲུན་ཐད་ལ་མཛད་རྗེས་མི་དམན་པ་བཞག་པ་སྟེ། དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ༢༦གི་བདག་ཉིད་ཅན་དང་། བོད་ལུགས་སྨན་གཉེར་ཆེད་ལས་དངོས་གཞི་ཚན་པའི་སློབ་དེབ༡༡གི་བདག་ཉིད་ཅན། དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་དེང་རབས་གསོ་རིག་གི་བསླབ་བྱའི་སློབ་དེབ༢༨ཀྱི་བདག་ཉིད་ཅན་བཅས་བསྡོམས་པའི་སློབ་དེབ་གྲངས་འབོར༦༥ཟིན་པ་ཙམ་ཞིག་སློབ་གླིང་འདི་གའི་གཙོ་སྐྱོང་དང་སྣེ་ཁྲིད་འོག་རྩོམ་སྒྱུར་པར་སྐྲུན་བྱས་དང་བྱེད་བཞིན་པ་དང་། གཞན་རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་དེང་རབས་གསོ་རིག་གི་ཚིག་མཛོད་ཆེན་མོ་ཞེས་པ་ཉེར་མཁོའི་བརྡ་ཆད་ལྔ་ཁྲི་ལྷག་གི་བདག་ཉིད་ཅན་ཞིག་ཀྱང་སྐད་གསུམ་སྨྲ་བའི་གསོ་རིག་དོན་གཉེར་ཅན་རྣམས་ཀྱི་གཟིགས་མོར་བཤམས་པ་ལ་དུས་ཡུན་མི་རིང་ངོ་།། དེ་ལྟར་སློབ་དེབ་འཛུགས་སྐྲུན་ཉིད་སློབ་གསོ་བྱ་བའི་གནད་འགངས་སུ་མཐོང་སྟེ་འབད་འབུངས་བྱས་པའི་འབྲས་བུར་རྒྱལ་ཁབ་སློབ་གསོ་པུའུ་དང་། རྒྱལ་ཁབ་ཀྲུང་དབྱི་གསོ་རིག་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སློབ་གསོ་ཐིན་སོགས་འབྲེལ་ཡོད་གོང་རིམ་ལས་ཁུངས་ཀྱིས་གཟེངས་བསྟོད་དང་བྱ་དགའ་ཡང་གང་ལེགས་ཐོབ།

    ད་ལྟ་སློབ་གླིང་འདིར་བོད་ཀྱི་གསོ་རིག་གི་ཆེད་ལས་དགེ་རྒན་ཉི་ཤུ་ལྷག་དང་། དེང་རབས་གསོ་རིག་ཚན་རིག་གི་དགེ་རྒན་ཉི་ཤུ་ལྷག     གདན་ཞུས་སློབ་དཔོན་བཅུ་ཕྲག་གཅིག་ལྷག་བཅས་བཞུགས་པ་དང་། དགེ་རྒན་རྣམས་སྔ་ཕྱིར་དབྱིན་ཇི་དང་། ཨ་མེ་རི་ཀ    ཉི་ཧོང་། འཇར་མར་སོགས་ཚན་རྩལ་དང་དཔལ་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་རྣམས་སུ་ཆིབས་སྒྱུར་གྱིས་རིག་གཞུང་འཆད་ཁྲིད་དང་ཉམས་མྱོང་བརྗེ་རེས་གང་མང་སྤེལ་ཏེ་བོད་ཀྱི་གསོ་རིག་འཛམ་གླིང་ཅན་དང་ཕྱི་ཕྱོགས་སུ་ཁ་ཕྱོགས་པར་སྒོ་འཕར་ཡངས་པོར་ཕྱེས་པ་དང་། མདོ་དབུས་ཁམས་གསུམ་དང་། སོག་པོ། རང་རྒྱལ་ནང་ས། ཕྱི་རྒྱལ་གྱི་མངའ་ཁོངས་སོགས་ནས་འབྱོར་བའི་རིག་པའི་དོན་གཉེར་ཅན་བརྒྱ་ཕྲག་དུ་མ་གཅིག་ཏུ་འདུས་ཏེ་གསོ་རིག་ཤེས་བྱའི་བདུད་རྩི་མངར་མོར་ངོམས་མེད་དུ་རོལ་བཞིན་མཆིས། ཉེ་ཆར་སློབ་གླིང་འདི་མཚོ་སྔོན་སློབ་གྲྭ་ཆེན་མོར་ཟླ་སྒྲིལ་གྱི་རྨང་གཞི་འཛུགས་སྐྲུན་དང་། སློབ་ཁྲིད་འཆད་མཉན། ཚན་རིག་ཞིབ་འཇུག་སོགས་སྔར་ལས་ལྷག་པའི་དུས་རབས་གསར་བ་ཞིག་གི་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་སོགས་དང་ལག་གདང་གཅིག་ཏུ་སྦྲེལ་ཏེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་སྤྱི་དང་སྒོས་སུ་སློབ་གསོའི་ཕྲིན་ལས་ཕྱོགས་ཀུན་ནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་གཏོང་བར་རང་ནུས་ཡོད་རྒུ་རྩལ་དུ་སྤྲུགས་བཞིན་པའི་སྒང་ལགས།

གོང་ངོས། ཡིག་ཆ་མི་འདུག
X