//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > གདོན་ནད་ཀྱི་སྐོར། > ནང་དོན།

མེ་གཟའ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:48:26 ཀློག་གྲངས། 33 

  དེ་ནི་ཟས་སྤྱོད་གདོན་སོགས་ཀྱི་རྐྱེན་བྱས་ནས་ལུས་ཀྱི་ཁྲག་རླུང་མི་སྙོམས་པར་འཕར་རྩ་མཁྲེགས་པོ་ཆགས་པ་དང་རྩ་ཡི་རྒྱུ་བ་ཐོལ་བྱུང་དུ་འགྱུར་བ་བཅས་ཀྱིས་འཕར་རྩ་གས་རྡོལ་བྱུང་ནས་གློ་བུར་དུ་ཀླད་པར་ཁྲག་ཤོར་བ་སྟེ། ནད་འགྱུར་གཙོ་བོ་སྙིང་དང་སྲོག་རྩར་གནས་ལ་བླ་གཉན་དབང་གིས་ཀླད་པར་འཇུག་ཅིང་ལོ་ན་རྒན་པོ་རིགས་ལ་འབྱུང་མང་བས་ནད་རིགས་ཤིག་ཡིན།

རྒྱུ་རྐྱེན།

  ཟས་ཤ་ཁྲག་སྣུམ་དང་ཆང་སོགས་བཅུད་ཅན་གྱི་རིགས་བསྟེན་དྲགས་པ། སྤྱོད་ལམ་ཆུ་ཤེལ་དང་ཉི་ཟེར་སོགས་ཀྱི་འོད་མདངས་ཕོག་པ་དང་། གློ་བུར་དུ་འགུལ་སྐྱོད་བྱེད་པ་དང་ཤེད་ཤུགས་ཆེན་པོ་འདོན་པ། གློ་བུར་དུ་བསམ་བློར་ཕོག་ཐུག་བྱུང་བ་དང་དངངས་སྐྲག་སྐྱེས་པ་སོགས་ཟས་སྤྱོད་མི་མཐུན་པའི་རིགས་གང་ཞིག་དང་ལུས་ཀྱི་ཁྲག་རླུང་མི་སྙོམས་པར་གནས་པ་སོགས་ཀྱིས་ནད་འདི་བསྐྱེད་པ་ཡིན། མང་ཆེ་ཤོས་ནི་སྔ་མོ་ནས་ཁྲག་ཤེད་མཐོ་བ་དང་འཕར་རྩར་སྐྲན་ཡོད་པ། དེ་བཞིན་འཕར་རྩ་མཁྲེགས་པོ་ཆགས་པ། ཁྲག་རྩའི་གྲུབ་ཚུལ་གྱི་རྣམ་གྱུར་བཅས་ཀྱི་རྐྱེན་ལས་ཁྲག་ཤོར་བ་དང་། དེ་མིན་གཟའ་རྒྱུ་བའི་དུས་དང་ཁྲག་གི་ནད་རིགས། ཀླད་པ་དང་ཀླད་སྐྱིར་གཉན་ཚད་རྒྱས་པ་སོགས་ཀྱིས་ཀྱང་ཁྲག་ཤོར་བ་ཡིན། མདོར་ན་ནད་འདིའི་རྒྱུ་གཙོ་བོ་ཁྲག་འཕེལ་གྱི་ནད་དང་ཁྲག་རླུང་སྟོད་འཚང་གི་ནད། དོན་སྙིང་གི་ནད་སོགས་ཡིན།

ནད་རྟགས།

  གློ་བུར་དུ་མགོ་ལ་གཟེར་ཟུག་ཛ་དྲག་གཏོང་བ་དང་། མགོ་ཡུ་འཁོར་བ། སྐྱུག་པ་བཅས་དང་སྦྲགས་ཤེས་པ་ཉམས་ནས་དྲན་མེད་དུ་བརྒྱལ་བ། དབུགས་གཏོང་ལེན་དཀའ་བ་དང་དབུགས་རིང་འཐེན་པ། སྐེ་རྩ་སྤྲུགས་པ། མིག་གི་རྒྱལ་མོ་འདལ་ནས་འོད་མདངས་མི་ཚོར་བ། ཁ་མིག་ཡོ་བ། བཤང་གཅི་དབང་མེད་དུ་ཤོར་བ། ལུས་ཁམས་ཀྱི་གཞོགས་ཕྱེད་ཞ་སྦྲིད་བྱུང་བ་དང་ཤ་གྲིམ་གྱི་ཤེད་ཤུགས་དང་ཚོར་བ་ཉམས་པ། ཁྲག་གི་གནོན་ཤུགས་མཐོན་པོ་ཆགས་པ། མང་ཆེ་ཤས་གཞོགས་གཡས་ལ་ཕོག་པ་ཡིན། ཡིད་བཞིན་ནོར་བུ་ལས། མེ་གཟས་ཟིན་ན་རྣ་བའི་རྒྱབ་རྩ་དམར། གཡས་ལ་ཕོག་ཅིང་གཡོན་ལའང་སྲིད་པ་ཙམ། ལུས་ཀྱི་དྲི་དུགས་སྟོབས་འཆོར་སེན་མོ་སེར། ། ལུས་དྲོད་ཆེ་ཞིང་ཀོ་ལེར་དྲོ་ལ་གཟེར། ཁ་སྐམ་ཤ་ནི་ཀུན་ལྷོད་འདར་ཞིང་འཕྲིག ཐུ་ན་ལུས་ལ་མེ་རིས་ཆུ་བུར་ཡོང་། ། ཁ་ལྐུགས་ལྕེ་ཐུང་སྐོམ་དད་ཆེ་བ་ཡིན། ། ཁྱད་པར་ཉི་མས་ཁ་མིག་སྣ་གསུམ་གཡོ། བཤང་བ་མི་ཐུབ་མིག་དམར་གྱིས་ཟིན་པས། གཞོགས་བཤལ་མགོ་བོ་ལ་ནི་བབས་པ་ཡིན། ། ཞེས་གསུངས།

   ཁྲག་ཤོར་ཚད་ཉུང་བའི་ནད་པ་རྣམས་དྲན་པ་མི་ཐོར་བ་དང་ཡང་ན་དྲན་པ་ཐོར་ནས་ཉིན་ཁ་ཤས་དང་། ཡང་ན་གཟའ་འཁོར་ཁ་ཤས་ཕྱིན་པའི་རྗེས་སུ་དྲན་པ་རིམ་བཞིན་ཇེ་གསལ་དང་། དབུགས་འབྱིན་རྔུབ་ཀྱི་རྒྱུ་བ་ཇེ་སྙོམས། ཞ་སྦྲིད་ཆགས་པའི་ཆ་ཤས་རྣམས་ཚོར་བ་དང་འགུལ་སྐྱོད་སླར་གསོ་ཡོང་ཐུབ་པ་བཅས་འདུག དེ་མིན་ནད་ཕོག་སྟེ་ལོ་ཕྱེད་ནས་ལོ་གཉིས་བར་ཕྱིན་པའི་ནད་པ་མང་ཆེ་བར་བསྐྱར་གསོ་ཡོང་རྒྱུ་ཧ་ཅང་དཀའ་བ་མ་ཟད། ཚད་མི་འདྲ་བའི་སྒོ་ནས་ཡན་ལག་ཞ་བ། སྐད་ཆའི་སྒྲ་གདངས་མི་གསལ་བ། ཞ་སྦྲིད་བྱུང་བའི་ཡན་ལག་ལ་བཅུད་རྫས་ལེན་མི་ཐུབ་པས་ཤ་རིམ་གྱི་ཤོར་འགྲོ་བ་སོགས་ཀྱི་མངོན་ཚུལ་ཡོད།

  འཕར་རྩའི་རྒྱུ་བ་དྲགས་ལ་གྲངས་དལ་བ།

  ལྕེ་གཡས་ཐུང་བ།

  དྲི་ཆུ་མར་ནག་འདྲ་ལ་ཀོ་རུལ་མནམ། ལྦུ་བ་མེད་ཅིང་རླངས་པ་མྱུར་དུ་འཕྱོ། ཀུ་ཡ་མཐུག་ལ་ཤིན་ཏུ་གར་བ་ཡིན།

གཞོགས་འདེགས་བརྟག་དཔྱད།

  དེངས་རབ་གསོ་རིག་གི་འཕྲུལ་ཆས་CTདངRMIབཀོད་ནས་བརྟག་ན་ཀླད་པའི་ཁྲག་རྩ་བརྡོལ་ནས་ཀླད་ཁྱིམ་དང་ཀླད་པ་སོགས་ལ་ཁྲག་ཟགས་ཡོད་པ་མཐོང་བ་ཡིན།

འཁྲུལ་སོ་བསལ་བ།

  འདི་ཆུ་གཟའ་དང་བརྒྱལ་གཟེར་ཚ་འཁྲུལ་སོགས་དང་ནོར་ཉེན་ཆེ་སྟེ། ཆུ་གཟའ་ནི་ལུས་གཡོན་ལ་ཕོག་ཅིང་ལྕེ་གཡོན་ཐུང་བ་དང་། ཁྱད་པར་སེར་མོར་མདོག་སྐྱ་སྔོ་ནག་འབྱུང་བ་དང་། འཕྲུལ་ཆས་ཀྱིས་བརྟག་ན་ཀླད་པའི་ཁྲག་རྩ་འགགས་ནས་ཀླད་པར་ཁྲག་ཟད་པ་ཡོད་པས་མི་འཁྲུལ། བརྒྱལ་གཟེར་ནི་སྙིང་འདར་ལ་ཁྱད་པར་ནད་ལངས་དུས་སོ་འཆའ་ལ་ལྦུ་བ་སྐྱུགས་པ་བཅས་ཀྱིས་ནོར་ཉེན་ཆེ་ཡང་། ཞིབ་ཏུ་བརྟག་ན་ཐོག་མར་ལུས་ལ་ཚ་དྲག་པོ་བརྒྱབ་པས་བརྒྱལ་ཞིང་འབོག་པ་ཡིན་པས་འཁྲུལ་སོ་བསལ་ཐུབ།

གོང་ངོས། ཆུ་གཟའ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X