//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > བྱིས་ནད་ཀྱི་སྐོར། > ནང་དོན།

བྱིས་ནད་འཁྲུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 17:15:26 ཀློག་གྲངས། 57 

   བྱིས་ནད་འཁྲུ་བ་ནི་མ་ཞུ་བ་སོགས་ཀྱི་རྒྱུ་ལོང་ལ་ནད་ཞུགས་ནས་ཐུར་དུ་བཤལ་བ། དེ་ལ་ཚ་འཁྲུ་དང་གྲང་འཁྲུ་གཉིས་སུ་དབྱེ་ལ། ཚ་འཁྲུ་ནི་ཚ་བ་རྒྱུ་མར་ལྷུང་བའམ་ཉེས་གསུམ་འཁྲུགས་པ། ཁ་ཟས་མ་འཚམ་པ་དང་། འགོས་ནད་སོགསཀྱིས་ཁོག་པ་བཤལ་བ་དང་། གྲང་འཁྲུ་ཞེས་པ་ནི་བད་རླུང་གྲང་བའི་སྟོབས་ཀྱིས་ཕོ་བ་དང་རྒྱུ་ལོང་ལ་ནད་ཞུགས་ནས་འཁྲུ་བའི་ནད།

རྒྱུ་རྐྱེན།

   བྱིས་ནད་ཚ་འཁྲུ་མན་ངག་ལྷན་ཐབས་ལས། མཁྲིས་པ་སྣོད་ལྷུང་མཆིན་ཚད་ཐུར་བབས་ཚ་ཞེས་གསུངས་པ་ལྟར་བྱིས་པ་མ་བུས་ཟས་སྐོམ་མི་འཕྲོད་པ་དང་མ་གོམས་པ་བསྟེན་པའམ། ལྷག་པར་དུ་དྲོད་བཅུད་ཅན་གྱི་ཟས་སྐོམ་བསྟེན་མང་བ་དང་། སྤྱོད་ལམ་དྲགས་ཤུལ་དང་དྲོད་ཆེ་བ་སོགས་ཀྱིས་ཁྲག་མཁྲིས་ཚ་བ་རྒྱས་ཏེ། མཁྲིས་པ་སྣོད་དུ་ལྷུང་བ་དང་མཆིན་ཚད་ཐུར་དུ་བབས་པ་དང་། བཞིན་ཁྲག་མཁྲིས་ཤས་ཆེ་བར་ཟས་སྤྱོད་དྲོད་ཆེ་བ་དང་། ཆམ་པ་དང་བཤལ་ཡམས་སོགས་ཀྱིས་རྒྱུ་ལོང་ཕོ་བར་ཚ་བ་རྒྱས་ཏེ་ཟས་སྐོམ་དང་ནུ་ཞོ་རྣམས་ཐུར་དུ་འཁྲུ་བར་འགྱུར།

   བྱིས་ནད་གྲང་འཁྲུ་ནི་མན་ངག་ལྷན་ཐབས་ལས། བྱིས་པས་བཟའ་བཏུང་དང་མའི་ནུ་ཞོ་ནུ་བ་མང་ཆེས་པའམ། འཇུ་དཀའ་ཞིང་ཟས་སྤྱོད་བསིལ་དྲགས་པས་བད་རླུང་གྲང་བ་འཕེལ་བའམ། རང་བཞིན་བད་རླུང་ཤས་ཆེ་བ་ལ་ཟས་སྤྱོད་བསིལ་བས་བད་རླུང་གྲང་བ་རྒྱས་པ་གང་རུང་གིས་མ་ཞུ་བ་དང་ཕོ་བའི་མེ་དྲོད་ཉམས་ནས་ཕོ་བ་རྒྱུ་ལོང་དུ་ཞོ་དང་ཟས་སྐོམ་མི་འཇུ་བར་ཐུར་དུ་བཤལ་བ།

ནད་རྟགས།

   བྱིས་ནད་ཚ་འཁྲུ།

  ཚ་འཁྲུ་ནི་དབུགས་ཐུང་ཞིང་། རྩ་དང་འཕར་སྒོ་རྣམས་དྲགས་པ།

  བཞིན་མདངས་སྣུམ་ལ་ལུས་དྲོད་ཆེ་བ་དང་ཤེས་པ་འཐིབས་པ།

  འཁྲུ་བའི་མདོག་དམར་སེར་རམ་ཡང་ན་ལྗང་ཁུ་དང་དུད་ཁུ་འདྲ་བ་འཁྲུ་བ།

   བྱིས་ནད་གྲང་འཁྲུ།

  མིག་དང་རྣ་བ་སྣ་ལྕེ་ལུས་དག་གི་ཚོར་བ་རྒྱུན་ལྡན་ཡིན་པས་དབང་བོ་ལྔའི་ཁམས་ཀུན་གསལ་ལ་རྩའི་འཕར་ཚུལ་དང་མཚོག་མའི་འཕར་སྒོ་སོགས་དལ་བ།

  འཁྲུ་བའི་མདོག་ནུ་ཞོ་ལྟར་དཀར་ཤས་ཆེ་བ་དང་། རྩམ་མདོག་སྟེ་ཟས་གང་ཟོས་པ་དེའི་མདོག་མ་ལོག་པའམ་སྐྱ་བོར་འཁྲུ་བ་དང་ཡང་ན་བེ་སྣབས་འཁྲུ་བ།

  རྒྱུ་ལོང་འུར་འཁྲོག་བྱེད་ཅིང་འཁྲུ་བའི་དུས་སུ་ལྦུ་བ་འབྱུང་ཞིང་སྒྲ་དང་བཅས་ཏེ་འཁྲུ་བ།

གཞོགས་འདེགས་བརྟག་དཔྱད།

   ནད་འདི་ལ་ཐོག་མར་ཁྲག་པྲ་ལས་ཁྲག་ཞན་པའི་སྣང་ཚུལ་ཡོད་མེད་དང་ཕྲ་ཕུང་དཀར་པོའི་ཚད་སོགས་ལ་བརྟག་པ། དྲི་ཆུ་བརྟག་དཔྱད་དང་། བཤང་བའི་ནང་དུ་ངོ་བོ་འགྱུར་མེད་པའི་ཟས་རིགས་དང་སྲིན་འབུ་སོགས་ཡོད་མེད་ལ་ཞིབ་ཏུ་བརྟག་པ། གཤེར་མའི་ནུས་པ་ལ་བརྟག་དཔྱད་བྱ་རྒྱུ། Bསྒྲ་བརྒལ་དང་རྒྱུ་ཤེལ་གྱི་བརྟག་དཔྱད་བྱ་རྒྱུ།

འཁྲུལ་སོ་བསལ་བ།

   བྱིས་ནད་ཚ་འཁྲུའི་འཁྲུལ་སོ་བསལ་ཐབས་ནི། རྣ་རྩ་བརྟག་ཐབས་ལས། ཚ་བའི་སྟོབས་ཀྱིས་དོན་སྣོད་སྤྱི་དང་ཁྱད་པར་རྒྱུ་ལོང་གི་རྣ་རྩ་དམར་ནག་རྒྱས་པ་དང་། ངུ་སྐད་བརྟག་ཐབས་ལས། བྱ་ངང་བའི་སྐད་འདྲ་བ་འབྱིན་པའོ།

   བྱིས་ནད་གྲང་འཁྲུའི་འཁྲུལ་སོ་བསལ་ཐབས་ནི། རྣ་རྩ་བརྟག་ཐབས་ལས། གྲང་ཤས་ཅན་ལ་རྣ་རྒྱབ་ཀྱི་རྩ་མདོག་སྔོ་བའམ་སེར་སྐྱ་དང་རྩ་རྒྱུད་ཕྲ་བའམ་སྟོང་བ་ཡིན་པར་བཤད། ཡང་ཚ་འཁྲུ་མདོག་དམར་སེར་རམ་ལྗང་ཁུ་དང་དུད་ཁུར་འཁྲུ་བ། གྲང་འཁྲུའི་མདོག་ནུ་ཞོ་ལྟར་དཀར་ཞིང་སྐྱ་བའམ་རྩམ་མདོག་དང་བེ་སྣབས་འཁྲུ་བ་སོགས་ལས་མ་ནོར་བ་གཅེས།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X