//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ལྷན་སྐྱེས་རྨའི་སྐོར། > ནང་དོན།

རྐང་འབམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 17:09:39 ཀློག་གྲངས། 82 

   རྐང་འབམ་ནི་ནད་ཀྱི་གནས་དང་མདོག་ལ་བལྟས་ནས་བཏགས་ཅིང་ངན་ཁྲག་ཆུ་སེར་རྒྱས་པས་ཤ་དང་རུས་པ་རིམ་གྱིས་འཕེལ་ནས་མཁྲེགས་པོ་ཆགས་ཏེ་སྐྲངས་པ་དང་། ཟུག་གཟེར་ཆེ་མི་མངོན་པར་སྟོད་ཀྱི་ངན་ཁྲག་རྐང་པར་བབས་པ་ལ་ཟེར།  

རྒྱུ་རྐྱེན།

  ཟས་སྤྱོད་སྨན་ལྷག་ལོག་པ་དང་ཁྱད་པར་བད་ཀན་དང་ཁྲག་གཉིས་འཕེལ་བས་བསྐྱེད་པ་དང་ཆང་དང་། ཆང་སྐྱུར་བསྟེན་དྲགས་པ་དང་། རྗེན་ཟས་ཀྱི་རིགས་མང་དུ་ཟོས་པ། རུལ་སུངས་སོགས་ཀྱི་ཟས་ཟོས་དྲགས་པ། འགྲོ་བའམ་སྡོད་པ་མང་བ། རླན་ཅན་གྱི་ཡུལ་དུ་ཉལ་སྡོད་ཆེ་བ། ལུས་ཁམས་འཁྱགས་པ། ངལ་དུབ་ཀྱི་ལས་མང་དུ་བྱེད་པ། ཉིན་པར་གཉིད་ལོག་པ། གཞན་ཡང་འགྲམས་འཁྲུགས་དང་ཚ་བའི་ནད་རོ་ལུས་པ། དྲེག་གྲུམ་མཁལ་ནད་རིགས་བཅོས་ཉེས་ཤོར་བ། ཁྲག་རླུང་སྨད་དུ་བབས་པ་སོགས་ཀྱིས་སློང་རྐྱེན་བྱས་ནས་བསྐྱེད་པ་ཡིན།

ནད་རྟགས།

  སྟོད་ནས་རིམ་བཞིན་སྨད་དུ་བབས་པའམ་སྟོད་སྨད་རེས་མོས་བྱེད་ནས་ན་བ། མིག་དམར། མཆུ་སྔོ་ནག་ཏུ་སྐྲངས་བ། སོ་རྐན་རྒྱས་བ། སོ་དང་མུར་འགྲམ། བྲང་དང་རོ་སྟོད་ན་བ་རྣམས་ཚང་མའམ་རེ་རེ་བྱུང་ན་ངེས་ཏེ། ཕལ་ཆེར་ཟླ་འགའི་སྔོན་ནས་ལུས་སྟོད་ལ་ཁྲག་མིག་འབྱུང་བ། སྙིང་ཁམས་མི་བདེ་བ། མགོ་དང་མིག་རུས་ན་བ། སོ་རྙིལ་སྐྲངས་འབུར་དམར་སྨུག་ཆགས་ནས་ཁྲག་འབྱུང་བ། མིག་སྤྲིན་དམར་པོ་ཆགས་ནས་སོ་དང་མུར་འགྲམ་ན་བ། མཆུ་ཏོ་སྨུག་ནག་ཆགས་པ། ལུས་སྟོད་ཀྱི་ནད་རྟགས་སྟོན་པ་དང་། མཉམ་དུ་རྐེད་པ་བརླ་རྐང་པུས་ཚིགས་ན་བ་དང་། སྒྱིད་ཁུང་དང་བྱིན་གཞུག་གི་ཆུ་རྒྱུས་འཁུམས་ནས་རྟིང་པ་འཛུགས་མི་ཐུབ་པ། རྐང་པའི་བོལ་གོང་དང་ངར་གདོང་སོགས་སྐྲངས་ལ་སྨུག་ཐིག་དོན་པ་དང་ན་ཟུག་འབྱུང་བ་སོགས་ཀྱི་མངོན་ཚུལ་ཡོད་པར་མ་ཟད་ལུས་ཀྱི་སྟོད་སྨད་རེས་མོས་སུ་ན་བ་བཅསཀྱི་རྟགས་ཡོད།

  འབམ་དཀར་སྐྲངས་མདོག་སྐྱ་ལ་ངོ་བོ་སྙི་བ་དང་། ན་ཟུག་དང་ཚ་དྲོད་ཆུང་བ། སྐྲངས་པར་རེག་ཀྱང་ན་ཟུག་མེད། འབམ་ཁྲ་ནི་ཟུག་ཆེ་སྐྲངས་ལ་མེ་ལྕེ་འདྲ་བའི་དམར་ཐིག་དོན། འབམ་ནག་ནི་སྐྲངས་ཤིན་ཏུ་སྲ་ཞིང་མདོག་སྔོ་དམར་འོང་། གཟེར་ཟུག་བཟོད་གླགས་མེད་ལ་རྩ་ཆུ་སོགས་ཚད་རྟགས་མངོན། དེའང་རླུང་ཤས་ཆེ་བ་འབམ་དཀར་ཡིན་པས་བཅོས་སླ་ཡང་འབབས་དཀའ། རླུང་ཁྲག་འདྲེས་པ་ཁྲ་བོ་སྟེ་འབྲིང་། ཁྲག་མཁྲིས་གཉན་དང་བསྡོངས་པ་འབམ་ནག་ཡིན་པས་གློ་བུར་དུ་བབས་པའང་འབྱུང་ཞིང་འབབ་སླ་ཡང་བཅོས་དཀའ་བ། མདོར་ན་རྐང་བའི་ངར་གདོང་དང་བོལ་ཚིགས་སོགས་ཀྱི་རྒྱུད་དུ་སྐྲངས་ནས་སྨུག་ཐིག་དོན་པ། སྐྲངས་པ་སྲ་ཞིང་ཚ་འཁྱུག་བྱེད་པ། སྒྱིད་ཁུག་དང་བྱིན་གཞུག་གི་ཆུ་རྒྱུས་འཁུམས་ནས་བརྐྱང་བསྐུམ་བྱེད་དཀའ་བ་དང་། རྟིང་པ་འཛུགས་མི་ཐུབ་པ་སོགས་ཀྱི་རྟགས་རྣམས་འབྱུང་ན་འབམ་ནད་ཡིན་པར་ངོས་འཛིན་བྱས་ཆོག ཡང་ལུས་སྟོད་དུ་གོང་གསལ་གྱི་རྟགས་མེད་ཀྱང་ལུས་སྨད་ལ་འབམ་ནད་ཀྱི་མངོན་ཚུལ་སྟོན་པ་ཡོད་པ་མ་ཟད། ནད་གཞིའི་ཚབས་ཆེ་ཆུང་བསྡོངས་ཟླ་མི་འདྲ་བའི་རྐྱེན་གྱིས་མངོན་ཚུལ་མི་འདྲ་བ་དུ་མ་ཡོད།

  རྩ་དཀར་པོ་རྩ་དལ་ལ་འཇམ། ཁྲ་བོར་རྩ་བྲེལ་ཉམས་ཡོད། ནག་པོར་རྩ་གྲིམ་ཞིང་མཁྲང་།

  དཀར་པོར་ཆུ་མདོག་དཀར་ཞིང་ཝུ་བ་སངས་པ་སྐྱེན། ཁྲ་བོར་ཆུ་མདོག་དམར་སེར་མཐར་རྒྱ་བཤལ་ཅན་ཝུ་བ་ཅུང་རྒོད། ནག་པོར་ཆུ་ཁྲག་རུལ་འདྲ་བ་ལ་ཝུ་བ་རྒོད་པ།

གཞོགས་འདེགས་བརྟག་དཔྱད།

   ཁྲག་པྲ་བརྟག་པ་དང་། སྙིང་རིས་ལ་བརྟག་པ། འགོག་སྟོབས་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་ལ་བརྟག་པ། གློག་འབྱེད་བར་རྫས་ལ་བརྟག་དཔྱད། དྲི་ཆུའི་རྫས་འགྱུར་ལ་བརྟག་པ།  Xགློག་འོད་ཀྱིས་བརྟག་པ། དགོས་པ་ཆེ་ན་སྒྲ་བརྒལ་གྱིས་བརྟག་དཔྱད་བྱེད་པ། གཞན་གསོ་བྱའི་བརྟག་བཅོས་དགོས་མཁོ་ལྟར་བརྟག་དཔྱད་བྱ་རྒྱུ།              

འཁྲུལ་སོ་བསལ་བ།

   རྐང་འབམ་དང་གྲུམ་བུ། དྲེག་ནད། རྩ་དཀར་བཅས་ལ་འཁྲུལ་ཉེན་ཆེ་སྟེ། གྲུམ་བུ་ནི་རྐང་ལག་གི་རུས་ཚིགས་ཆེ་ཆུང་རྣམས་སུ་ནད་འགྱུར་བྱུང་་བ་གཙོ་བྱས་ཏེ་ན་ཟུག་རྒྱག་ཅིང་དབྱིབས་འགྱུར་སོགས་ཀྱི་རྟགས་འབྱུང་བ། དྲེག་ནད་ནི་རྐང་པའི་མཐེ་བོང་དང་རྐང་མཐིལ་གྱི་རུས་ཚིགས་སོགས་དམར་སྐྲངས་ཆགས་ཏེ་བཟོད་དཀའ་བའི་ན་ཟུག་གཏོང་བ། རྩ་དཀར་ནི་གཙོ་བོ་ཁ་མིག་ཡོན་པོར་འགྲོ་བ། ཡན་ལག་གི་བརྐྱང་བསྐུམ་ཉམས་པའམ་ཞ་བ། སྦྲིད་ཅིང་ཚོར་བ་ཉམས་པ་སོགས་མི་ནོར་བའི་གཟེར་ལས་འཁྲུལ་སོ་བསལ་བ། གང་ལྟར་རྐང་བའི་རྩ་དང་ཆུ་རྒྱུས་ལ་གཟེར་ཆེ། ཁྱད་པར་སྒྱིད་ཁུང་སོགས་འཐེན། རྐང་བ་གཡས་གཡོན་གང་རུང་ས་ལ་འཛུགས་མི་ཕོད་པ་བྱུང་དུས་འབམ་དངོས་གཞི་སྟེ་དཀར་ནག་ཁྲ་གསུམ་གྱི་དབྱེ་བ་ལས་འབམ་སྐྲངས་ཡིན་མིན་ཐེ་ཚོམ་བྱུང་སྐབས་ནད་པ་རང་གི་དྲི་ཆུའམ། མཛོ་སྔོ་ཁྲའི་གཅིན་གང་རུང་བར་སྣང་ལ་བཟེད་པས་བཀྲུས་ན་ཤ་མདོག་འགྱུར་ནས་དམར་ཐིག་ནག་ཐིག་སོགས་བྱུང་ན་ངེས། ཡང་ན་དཔའ་སེར་དང་སྒ་སྐྱ་མར་རྙིང་ལ་སྦྱར་བ་བྱུག་སྟེ་ཉི་མ་ལ་བསྟེན་པས་ཟུག་ཆེ་ན་འབམ་དང་། ཕན་སྙམ་བྱེད་ན་ཆུ་སེར་དུ་ཤེས་པར་བྱ།

གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X