//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

དྲེག་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 16:49:57 ཀློག་གྲངས། 97 

  དྲེག་ནད་ནི་གནས་སམ་མདོག་ལ་བལྟས་ནས་བཏགས་པའི་ནད་ཀྱི་མིང་སྟེ་ཟས་སྤྱོད་མི་འཚམ་པས་རླུང་ཁྲག་འཁྲུག་སྟེ་རྐང་བའི་མཐེ་བོང་དང་ལོང་ཚིགས། གྲུ་ཚིགས་སོགས་དམར་བོར་སྐྲངས་ནས་ན་ཟུག་གཏོང་ཞིང་ཚིགས་གཞན་དག་དང་ཆུ་རྒྱུས་ལ་མཆེད་འགྲོ་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  ལུས་ལ་གནས་པའི་ཁྲག་གི་འཁོར་བསྐྱོད་རྒྱུན་ལྡན་མིན་པར་རླུང་ཁྲག་འཁྲུགས་པར་བྱེད་པའི་ཟས་དང་སྤྱོད་ལམ་བསྟེན་པ་དང་། དུས་མ་ཡིན་པར་ཉིན་གཉིད་ལོག་པ་དང་། ཟས་གོས་གནས་མལ་གང་འདོད་སྤྱད་ནས་སྐྱིད་པོའམ་དལ་བུར་འདུག་དྲགས་པ་དང་། ཡང་ན་ལུས་ཀྱི་རྩོལ་བ་དྲག་ཤུལ་བྱས་རྐྱེན་རླུང་དང་ཁྲག་འཁྲུགས་པས་དྲེག་ནད་སྐྱེད་པར་བྱེད།

ནད་རྟགས།

  དང་པོའི་མངོན་ཚུལ་ལ་བརླ་དང་རྐེད་པ་པུས་ཚིགས་བྱིན་པ་རྣམས་ན་ཞིང་ཟ་འཕྲུག་ལངས་པ། འགུལ་བསྐྱོད་བྱས་ཚེ་རུས་ཚིགས་ཆག་གམ་སྙམ་པའམ་ཚོར་བ་གསལ་བོ་མེད་པ། ནད་སྟོབས་རྒྱས་སྟེ་རྐང་བའི་མཐོ་བོང་དང་བོལ་ཚིགས། རྐང་མཐིལ་བཅས་ལ་ལྡང་དུབ་ཀྱི་ན་གཟེར་དྲག་པོ་གཏོང་བ། སྐྲངས་མདོག་དམར་བ། དྲོད་ཆེ་བ། རེག་མི་བཟོད་པ། ལ་ལར་སྔོ་ཐིགས་དོན་པ་བཅས་གསར་བའི་དུས་ཡིན་པས་མྱུར་བར་བཅོ་བར་བྱ།

  ངོ་བོ་སྲ་ཞིང་ཚ་དྲོད་རྒྱས་པ། འགུལ་སྐྱོད་དཀའ་བ། མཚན་མོ་དེ་བས་ན་ཟུག་ཆེ་རུ་འགྲོ་བ། སླར་ཡང་རྒྱ་ཆེར་ཕྱིན་ནས་མཐར་གྲུ་ཚིགས་སོགས་རུས་ཚིགས་གཞན་དག་དང་། ཆུ་རྒྱུས་ལ་མཆེད་ནས་གྲུམ་བུའི་ནད་ལྟ་བུར་གྱུར་པ་དང་། ནད་ཀྱི་སྟོབས་ཡོངས་སུ་རྫོགས་པའི་ཚེ་རྐང་ལག་སོགས་ཞ་འཐེང་དུ་འགྱུར་བ་ཡིན།

  རྩ་དྲགས་རྒྱས་འདྲིལ་གྲིམས།

  ཆུ་མདོག་དམར་ལ་རླངས་པ་ཆེ། དྲི་དུགས། མེ་ཏོག་ཆུང་། ཀུ་ཡ་མང་བ།

  ལྕེ་མདོག་སྐྱ་སེར། བད་ཀན་མཐུག་པོས་གཡོགས།

གཞོགས་འདེགས་བརྟག་དཔྱད

  ཁྲག་གི་གཅིན་སྐྱུར་ལ་བརྟག་པ། སྤྱིར་བཏང་དུ་ཕོ་420umol/Lདང་མོ་350umoI/Lལས་བརྒལ་ན་དྲེག་ནད་དུ་ངོས་འཛིན་བྱས་ཆོག

  དྲི་ཆུའི་གཅིན་སྐྱུར་ལ་བརྟག་ན་ཉིན་རེའི་གཅིན་སྐྱུར་བཏང་བའི་ཚད3.57umoI/Lཡིན་པ། Xགློག་འོད་གྱི་ནད་གྱུར་ལྷུ་ཚིགས་ལ་བརྟག་དཔྱད་བྱས་ན། མཉེན་པའི་ཕུང་གྲུབ་སྐྲངས་པ་དང་ཚིགས་ངོས་གཏོར་བརླག་བྱས་ཡོད་པ་མཐོང་ཐུབ།

འཁྲུལ་སོ་བསལ་བ།

  ཡན་ལག་སྐྲངས་བ་ལ་སྨུག་ནག་ཏུ་འགྱུར་བ་དང་ཡན་ལག་སྐྲངས་ཤིང་རེངས་འཁུམས་འབྱུང་བ་སོགས་རྐང་འབམ་དང་འཁྲུལ་སོ་ཆེ། ན་ཟུག་ཆུང་ཞིང་ནད་གཞི་སྟོད་ནས་སྨད་དུ་འབབ་པ་རྐང་འབམ་དང་ཟུག་གཟེར་ཆེ་ཞིང་འཕེལ་འབྲི་སྐྱེན་པ་དྲེག་ནད་ཡིན་པས་མི་ནོར།

  ཡན་ལག་རེངས་འཁུམས་ཚོར་བ་ཉམས་པ་རྩ་དཀར་དང་འདྲ་ཡང་གཞན་རྩ་དཀར་ལ་ཁ་མིག་ཡོ་ཞིང་ཞ་སྦྲིད་དང་དྲན་པ་ཉམས་པ་སོགས་འབྱུང་བས་མི་འཁྲུལ།

  དྲེག་གྲུམ་གཉིས་ན་བའི་ཟུག་གཟེར་ཆེ་ཞིང་ལྷག་པར་འགུལ་ཚེ་ན་ལ་སྐད་ངན་འཆོར་བ། ཡན་ལག་རེངས་འཁུམས་ཆགས་པ་སོགས་ཀྱིས་ནོར་ཉེན་ཆེ་སྟེ། གྲུམ་བུ་ནི་ལུས་ཁམས་ཀྱི་ཚིགས་གཞི་ཐམས་ཅད་ཁོལ་བུར་ན་ཞིང་བརླན་གྲང་གི་ཡུལ་དུ་སྡོད་དྲགས་པ་སོགས་ཀྱིས་སློང་སླ་བ་དང་། དྲེག་ནི་ཐོག་མར་རྐང་བའི་མཐེ་བོང་ལ་གཙོ་བོར་གནས་ཤིང་རིམ་གྱིས་ལག་པའི་གྲུ་ཚིགས་སོགས་ཀྱི་ཆུ་རྒྱུས་ལ་མཆེད་ཅིང་། ཟས་སྐོམ་སྣུམ་བཅུད་དང་ལྷག་ཏུ་ནང་ཁྲོལ་ལམ་ཆང་རག་རིགས་དང་སྤྱོད་ལམ་སྐྱིད་པོར་སྡོད་ཆེ་བ་སོགས་ཀྱིས་སློང་སླ་བས་མི་ནོར།

གོང་ངོས། སྲིན་ཐོར།
X