//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

རྩ་དཀར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:53:16 ཀློག་གྲངས། 188 

   རྩ་དཀར་ཀྱི་་ནད་ནི་སྲོག་རྩ་དཀར་བོ་ལས་གྱེས་པའི་ལུས་ཕྱི་ནང་གི་དབང་རྩ་རྣམས་ལ་ཟས་སྤྱོད་གདོན་གསུམ་གྱིས་འགྲམས་སམ་འཁྲུགས་པར་གྱུར་ནས་རྟགས་སུ་ཁ་མིག་ཡོ་བ་དང་ཡན་ལག་ཞ་རེངས་སུ་གྱུར་བའི་ནད་ཀྱི་མིང་།

རྒྱུ་རྐྱེན།

  ཟས་སྤྱོད་ལོག་པས་རླུང་འཁྲུགས་པ་དང་དྲགས་ཤུལ་གྱི་ལས་བྱས་པས་རྩ་དཀར་འགྲམས་པ། རིམས་དུག་དང་ཚད་རོ་རྩ་དཀར་ལ་བབས་པའམ་ཡང་ན་གནོན་བཙིར་འཁེལ་བ་དང་། རྨས་སྐྱོན་ཤོར་བ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  མགོ་དང་རོ་སྟོད་ན་ཞིང་ཁ་མིག་སོགས་ཡོན་པོར་འགྲོ་བ། དྲན་པ་ཉམས་པ། བཤང་གཅི་དབང་མེད་དུ་ཤོར་བའམ་འགགས་པ།

  ཡན་ལག་གི་བརྐྱང་བསྐུམ་ཉམས་པའམ་ཞ་བ། སྦྲིད་ཅིང་ཚོར་བ་ཉམས་པ།

  དེ་ཡང་ཚ་རྐྱེན་ཅན་ནི་ཚ་འཁྱུག་རྒྱག་པདང་། ན་ཟུག་གཏོང་བ། གྲང་རྐྱེན་ཅན་ནི་དྲོད་ཆུང་ཞིང་ཤེས་པ་འཁྲུལ་བ།

  འཕར་རྩའི་རྒྱུ་བ་སྟོང་ཞིང་དལ་བ།

  ཆུ་མདོག་དཀར་སེར་དྭངས་ལ་ཀུ་ཡ་སྲབ་པ།

གཞོགས་འདེགས་བརྟག་དཔྱད།

  མཇིང་ཚིགས་དང་སྐེད་ཚིགས་སོགས་གློག་པར་བརྒྱབ་ནས་རུས་འཛེར་སྐྱེས་ཡོད་མེད་ལ་གཞིགས་པ་གལ།

འཁྲུལ་སོ་བསལ་བ།

  གཟའ་ནད་དང་ནོར་ཉེན་ཆེ། གཟའ་ནད་ནི་མིག་གི་འབྱེད་འཛུམ་དཀའ་བ་དང་། ཁ་ངོ་ཡོ་བ། ངག་ལྐུགས་པ། བཤང་གཅི་དབང་མེད་དུ་འཆོར་བ། སྐབས་སྐབས་སུ་ཤེས་པ་འཆོལ་བ་དང་བརྗེད་ངེས་ཆེ་བ། ཚབས་ཆེ་ན་གློ་བུར་དུ་མགོ་ལ་གཟེར་ཟུག་ཛ་དྲག་གཏོང་བ་དང་། མགོ་ཡུ་འཁོར་བ། སྐྱུགས་པ་དང་སྦྲགས་ཤེས་པ་ཉམས་ནས་དྲན་མེད་དུ་བརྒྱལ་བ་ཡིན།

  འོན་ཀྱང་རྩ་དཀར་ནི་གཙོ་བོ་ཆུ་རྒྱུས་དང་ཡན་ལག་གནས་སུ་བྱུང་ནས་རྐང་ལག་བཤལ་ཞིང་སྦྲིད་པ་དང་། རེངས་འཁུམས་བྱེད་པ་སོགས་ཀྱི་ན་ལུགས་མངོན་པ་ལས་སྤྱིར་བཏང་བཤང་གཅི་དབང་མེད་དུ་ཤོར་བ་དང་ཤེས་པ་ཉམས་ནས་དྲན་མེད་དུ་བརྒྱལ་བ་བཅས་ཀྱི་ན་ལུགས་མེད་མོད། འོན་ཀྱང་ནད་ཚབས་ཆེ་ན་མགོ་སྐྱོན་དང་ཀླད་སྐྱོན། གཞན་དོན་སྣོད་དུ་བབས་ནས་ཁ་མིག་ཡོ་བ་དང་དྲི་ཆུ་ལུག་པ་སོགས་ཀྱི་ན་ལུགས་དུ་མ་སྟོན་པས་གསོ་བ་པོ་རང་ཉིད་ཀྱིས་བློ་དང་རིག་པའི་དཔྱད་པ་གལ།

གོང་ངོས། རུས་འཛེར།
X