//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

ཚ་གྲུམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:46:58 ཀློག་གྲངས། 41 

   ཚ་གྲུམ་ཟེར་བ་ནི་ཡུལ་རླན་གཤེར་ཆེ་བའི་གནས་སུ་ཡུན་རིང་བསྡད་པ་དང་། ཁ་ཟས་སྣུམ་བཅུད་ཆེ་བའི་རིགས་བསྟེན་དྲགས་པ་སོགས་ཀྱི་དབང་གིས་དྭངས་མ་རང་གནས་སུ་སྨིན་མ་ཐུབ་པར་ཆུ་སེར་འཕེལ་ནས་ཤ་རུས་རྩ་རྒྱུས་ལ་ཁྱབ་པ་ལས་བྱུང་བའམ། ཡང་ན་ཐོག་མར་ཆམ་པ་དང་རིམས་ཚད་རིགས་མ་སྨིན་པའི་སྐབས་སུ་བསིལ་བཅོས་སྔ་བའམ་ཐལ་བའི་དབང་གིས་ཕོ་བའི་མེ་ཤི་རླུང་གིས་ཆུ་སེར་ལྷག་པར་གཡོས་ནས་ཤ་རུས་ཆུ་རྒྱུས་ལ་ཞེན་པ་ལས་བྱུང་ཞིང་། ནད་དེ་གཙོ་བོ་དཔུང་ཚིགས་གྲུ་ཚིགས་སོགས་ལ་འབྱུང་བ་ཤས་ཆེ།

རྒྱུ་རྐྱེན།

  བཅུད་ཆེ་བའི་ཁ་ཟས་རྒྱུན་པར་བསྟེན་པས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཤ་རུས་རྩ་རྒྱུས་རྣམས་ལ་ཁྱབ་ནས་བསྐྱེད་པ་དང་། ཡང་ན་རླན་ཞིང་སྣུམ་བག་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། ཐོག་མར་ཆམ་པ་དང་རིམས་ཚད་སོགས་མ་སྨིན་པའི་སྐབས་སུ་བཅོས་སྔ་བ་དང་། ཟས་སྤྱོད་ལོག་པ། ལུས་ཁམས་འཁྱགས་པ། རླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  ཐོག་མར་ཚ་བ་རྒྱག་པ་དང་རིམ་བཞིན་དཔུང་ཚིགས་དང་། གྲུ་ཚིགས། པུས་ཚིགས་སོགས་ལྷུ་ཚིགས་ཆེ་གྲས་རྣམས་རེས་མོས་སམ་ཡང་ན་གཡས་གཡོན་ཆ་བསྒྲིགས་ནས་ན་ཟུག་གཏོང་བ་དང་། ནད་གཞི་ལྕི་རུ་འགྲོ་སྐབས་ཚ་བ་ཆེ་རུ་ཕྱིན་ནས་རུས་ཚིགས་རྣམས་སྐྲངས་ཤིང་དམར་སྨུག་ཆགས་པ་དང་། རུས་ཚིགས་སུ་ལྡང་དུབ་ཀྱིས་ཁོལ་བུར་ན་ཟུག་རྒྱག་པ། ཤ་ལྤགས་བརྩེ་བ་དང་སྦྲིད་པ། ཁ་ཅིག་ལ་རུས་ཚིགས་མཐར་འཁོར་གྱི་པགས་འོག་ཏུ་འབུར་ལྡོག་དོན་པའི་མངོན་ཚུལ་ཡོད་པ་མ་ཟད། ནད་གཞི་རྙིང་བའི་སྐབས་སུ་རྒྱུན་དུ་རུས་ཚིགས་དང་ཤ་གྲིམ་ལ་ན་ཟུག་གཏོང་བ་དང་། ལྷག་པར་སྟོན་དཔྱིད་དང་གནམ་གཤིས་འགྱུར་ལྡོག་བྱུང་བའམ་ལུས་ཁམས་འཁྱགས་པ་བཅས་ཀྱི་སྐབས་སུ་ནད་གཞི་ལྡང་ཡང་ན་ཟུག་དང་གཉན་ཁ་འཇགས་རྗེས་རུས་ཚིགས་སྔར་ལྟར་འགུལ་བསྐྱོད་བྱེད་ཐུབ་ལ་རེངས་འཁུམས་ཆགས་པའམ་འཁྱོག་པ་སོགས་ཀྱི་གནས་ཚུལ་མེད།

  རྩ་རྒྱུད་དྲགས་རྒྱས་འདྲིལ་མགྱོགས་གྲིམས་མཁྲང་སོགས་ཚ་བའི་རྩ་ཡིན་པ།

  ཆུ་མདོག་དམར་པོའམ་ཡང་ན་སེར་པོ། སེར་ནག་ཡང་ན་སེར་དམར། དམར་པོ། དམར་ནག་གམ་དམར་སེར་དུ་ངེས་པ། རླངས་པ་ཆེ་ལ་དྲི་དུགས་པ། མེ་ཏོག་ཆུང་ལ་སིངས་སྐྱེན་པ། ཀུ་ཡ་མཐུག་པའམ་མང་བ། སྤྲིས་མ་ཞག་ལྟར་མངོན་པ།

  ལྕེ་དྲེག་པ་མཐུག་པོ་སྐྱ་སེར་རམ་སེར་པོར་ཆགས་པ།

གཞོགས་འདེགས་བརྟགདཔྱད།

  ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ།

   ཁྲག་པྲ་ལས་རླུང་རླན་འདྲ་བའི་རྐྱེན་ཆRFཉིད་གདགས་གཤིས་མངོན་པ།

འཁྲུལ་སོ་བསལ་པ།

  ཚ་གྲུམ་ལ་ཟུག་ཆེ་ཞིང་རྩ་ཆུ་ཚ་གྲང་གྲུམ་ལ་ན་ཟུག་ཆུང་ལ་རྩ་ཆུ་གྲང་བས་ངེས་ཟིན་སླ་ཡང་སྐབས་རེར་དྲེག་ནད་ལས་རུས་ཚིགས་སོགས་ལ་དམར་སྐྲངས་ཆགས་ཏེ་བཟོད་དཀའ་བའི་ན་ཟུག་གཏོང་བས་འཁྲུལ་ཉེན་ཆེ་མོད། ཡིན་ཡང་དྲེག་ནད་ཐོག་མར་རྐང་བའི་མཐེ་བོང་དང་རྐང་མཐིལ་གྱི་རུས་ཚིགས་ལ་ནད་འགྱུར་འབྱུང་བས་མི་ནོར་རོ།

X