//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

རྙོགས་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 10:38:27 ཀློག་གྲངས། 28 

རྙོགས་ཚད་ཀྱི་ངོ་བོ་ནི་རླུང་ཁྲག་ཆུ་སེར་གསུམ་དུ་འདུས་པའི་ནད་ཡིན་ཏེ། རླུང་གིས་ཁྲག་གཡོས་ཏེ་ཆུ་སེར་བསྐྱེད་ནས་རླུང་ཁྲག་ཆུ་གསུམ་ཆུ་མིག་རྙོགས་པའམ་བྱེ་ཆབ་གཡོས་པ་ལྟར་གྱུར་ནས་ལུས་ཁམས་ལ་ཆུ་སེར་རྒྱས་པའོ། །

རྒྱུ་རྐྱེན།

     ཆུ་སེར་ཤས་ཆེ་བའི་ཚ་བ་རྣམས་བཅོས་པའི་རྗེས་ལ་ནད་གཞི་ཆུ་སེར་བསྐྱེད་པའི་རྐྱེན་དུ་གྱུར་བའམ། མ་སྨིན་ཚ་བའི་རིགས་གང་ཡང་ཟས་སྤྱོད་སྨན་དཔྱད་ཀྱི་གཉེན་པོ་བསྟེན་སྔས་པས་བད་ཀན་སྐྱེས་ཏེ། དེས་ཕོ་བའི་མེ་དྲོད་ཤོར་ལ་རླུང་དང་བད་ཀན་གཉིས་སྐྱེས་པས་ཚ་བ་རྩ་མིག་ཏུ་བྱེར་ཞིང་རླུང་གིས་ཁྲག་གཡོས་པའི་ཆུ་སེར་སྐྱེད་པ་དང་། བད་ཀན་རི་ཐང་མཚམས་སུ་བསིལ་སྨན་ཐལ་བ་སོགས་ཀྱིས་སློང་བའོ། །

ནད་རྟགས།

      གདོང་སེར་ཞིང་སྦོས་ལ་ལྕེ་རྙིལ་དང་སེན་མོའི་བཀྲག་མདངས་སྐྱ་གླེག་ཏུ་འཆོར་ཞིང་། འགུལ་ན་རྔམ་པ་རྒོད་ལ་གློ་སྙིང་གཉིས་རྒྱུན་གཏན་མིན་པར་འཕར་བ། ལུས་ཤེད་ཆུང་བ་དང་། རྔུལ་ཁ་སྙི་བ། ཁ་དང་ལྕེ་སྐམ་པ། ཉིན་མཚན་གཉིས་ཀར་གཉིད་ཆེ་ལ་གློ་མང་བ།

       མིག་ལྕིབ་དང་རྐང་བའི་བོལ་གཡོ་བ། རོ་སྟོད་གཟེར་བ། དོན་ལ་ཆུ་གསོག་པ། གདོང་པ་སྦོ་བ་དང་། ཁ་ཟས་འཇུ་སྟོབས་ཆུང་བ། ཕོ་བ་དང་ངར་གདོང་གཡོ་བ།

         འཕར་རྩའི་རྒྱུ་བ་ཕྲ་ལ་གཏིང་ན་རྒྱུག་པ།

         དྲི་ཆུའི་མདོག་དམར་པོ་རྒྱ་ཚོས་བཤལ་བ་དང་འདྲ་བ།

         ལྕེ་མདོག་སྐྱ་གླེག་ཏུ་འཆོར་བ།

གཞོགས་འདེགས་བརྟག་དཔྱད།

       ནད་གཞི་འདི་ལ་འབྲེལ་ཡོད་བརྟག་དཔྱད་ལས་གནས་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མཐོང་ལ། རྗེས་མ་མཐོང་ཚེ་ཁ་གསབ་བྱེད་ངེས།

འཁྲུལ་སོ་བསལ་བ།

      རྙིངས་ཚད་དང་འཁྲུལ་སོ་བསལ་བ། རྙིངས་ཚད་ནི་ཚ་བའི་ནད་སྐབས་འཕྲལ་གསོ་བཅོས་མ་བསྟེན་པར་ལོ་ཟླའམ་ཉིན་ཞག་མང་པོ་ལོན་པ་དང་གཉེན་པོ་བསྟེན་ཀྱང་ཚ་བའི་ནད་མཇུག་ཡོངས་སུ་མ་ལོན་པས་ལུས་ཁམས་ལ་རྩི་ལྟར་ཞེན་པ་དེའོ།

      གབ་ཚད་དང་འཁྲུལ་སོ་བསལ་བ། ཁ་ལྕེ་སྐམ་པ་དང་། སྐབས་སུ་རྔུལ་ཕྲན་བུ་འབྱུང་བ། ནུབ་མོར་གཉིད་ཆུང་ལ། ཉིན་པར་གཉིད་ཆེ་བ། མེ་དང་ཉི་མ་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ལྷག་པར་ངལ་བ་དང་། བསིལ་དྲགས་པ་དང་དྲོད་དྲགས་པ་གཉིས་ཀ་གནོད་པར་ཚོར།།

གོང་ངོས། རྙིངས་ཚད།
X