//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

མཆིན་པའི་རྩ་སྐྲན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:14:36 ཀློག་གྲངས། 38 

   མཆིན་པའི་རྩ་སྐྲན་ནི་མཚོན་ཁྲག་ལུས་པ་དང་དྭངས་མ་མ་ཞུ་ལས་བྱུང་བའི་ངན་ཁྲག་རྒྱས་པ་དེ་མཆིན་པའི་རྩ་སྦུབས་སུ་འགྲིམས་པ་གནས་གཅིག་ཏུ་འདྲིལ་བའོ།

རྒྱུ་རྐྱེན།

  ཟས་སྐོམ་མ་ཞུ་བ། འགྲམས་པའམ་མཚོན་ཁྲག་ལུས་བ། མཆིན་པར་ངན་ཁྲག་ཡུན་རིང་རྒྱས་པ་སོགས་ལས་བྱུང་།

ནད་རྟགས།

  དགྱེ་སྒུར་མི་བདེ་བ། སྒྲེག་ཅིང་སྐྱུག་སྙམ་བྱེད་པ། མཆིན་ཁམས་ན་ཞིང་ལྟོ་བ་སྦོ་བ།

  རྩ་ཞན་ཅིང་ཞར་བར་འཕར་བ།

  ཆུ་ལ་སྐྲན་ཐིགས་ཉ་མིག་འབྱུང་བ།

  སྐྱ་གླེག་མདངས་མེད་འཇམ་ལ་རློན།

གཞོགས་འདེགས་བརྟག་དཔྱད།

  བྱང་ཁོག་ཚོན་པྲ་དངBསྒྲ་བརྒལ་ལས་མཆིན་པའི་ཆེ་ཆུང་དང་། དབྱིབས། ཁྲག་གི་རྒྱུ་བ་དང་། མཆིན་པའི་སྟེང་དུའམ་མཆིན་པའི་རྩ་སྦུབས་སུ་སྐྲན་རིགས་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། CTསྒྲ་བརྒལ་འོད་བརྟག་པ་ལས་མཆིན་པའི་ཐོག་ཏུ་ནག་ཐིག་ཆེ་ཆུང་མི་འདྲ་བ་མངོན་པ་མཐོང་ཐུབ།

འཁྲུལ་སོ་བསལ་ཐབས།

  མཁྲིས་སྐྲན་དང་འཁྲུལ་སོ་བསལ་བ། མཁྲིས་པའི་བུ་གར་རྡོ་སྐྲན་ཞུགས་ཡོད་ཚེ་དེས་མཁྲིས་པའི་རྒྱུད་དུ་ལྡང་དུབ་ཅན་གྱི་གཟེར་ཟུག་དྲག་པོ་གཏོང་བ་དང་། སྐྱུག་མེར་ལངས་པ། ཁ་ཏིག་ཁ་བ། ཚ་དྲོད་རྒྱག་པའམ་གྲང་ཤུམ་བྱེད་པ། མིག་སྤྲིན་སེར་པོ་ཆགས་པ། ཤ་མདོག་སྔོ་ལ་སྐམ་པ། བཤང་བ་སྐྱ་ལ་སོབ་པ། གསུས་ཁོག་གཡས་སྟོད་ཀྱི་རྩིབ་མའི་རྒྱུད་དུ་གནོན་ཟུག་ཡོད་པ་དང་། ཤ་གྲིམ་མཁྲེགས་པོ་ཆགས་པས་འཁྲུལ་སོ་བསལ་ཐུབ།

གསོ་ཐབས།

   གསོ་ཚུལ།

  རྩ་སྐྲན་འདུལ་བ། མཆིན་ཁམས་བསྲུང་བ།

    བཅོས་ཐབས།

  ཟས། ཟས་སུ་ཡང་ཞིང་འཇུ་སླའི་རིགས་བསྟེན།

  སྤྱོད་ལམ། བསིལ་བའི་གནས་སུ་འདུག་པ་དང་རྩོལ་བཅག་རན་པར་བྱེད་པ།

  སྨན། མང་སྦྱོར་ཆེན་མོ། དྭངས་བཙོ། སྐྲན་འཇོམས་སམ་སྐྲན་བཙོ། ཞི་བྱེད་ཉེར་དགུ། མཁྲིས་སྦྱོང་། གི་ཏིག གུར་ཀུམ་བཅུ་གསུམ། འབྲས་བུ་སུམ་ཐང་། སྐྱུ་རུ་ཉེར་ལྔ། ཟླ་ཤེལ་བདུད་རྩི་མ་སོགས་ནད་བབས་དང་བསྟུན་ནས་གང་ལ་དེ་འཚམ་ཀྱིས་བསྟེན་རྒྱུའོ།

ཕན་འབྲས་ཚད་གཞི།

  སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

  དགྱེ་སྒུར་མི་བདེ་བ། སྒྲེག་ཅིང་སྐྱུག་སྙམ་བྱེད་པ། མཆིན་ཁམས་ན་ཞིང་ལྟོ་བ་སྦོ་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

  སྐྱེད་ཆུང་བ།

  ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

 སྐྱེད་མེད་པ།

 ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།

གོང་ངོས། མཁྲིས་སྐྲན།
X