//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

བད་ཀན་ལྷེན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 16:34:43 ཀློག་གྲངས། 35 

   རྟེན་གྲང་རླུང་ཅན་དང་ནམ་ཕྱེད་སོགས་སུ་དུས་མིན་དུ་ཟ་བ། ཟོས་མ་མྱོང་བའམ་མི་འཕྲོད་པའི་ཟས་ཟ་བ། ཟས་ཀྱི་ངོ་བོའི་སྒོ་ནས་འཇུ་དཀའ་བའི་རིགས་ཟ་བ་བཅས་ཀྱི་རྐྱེན་ལས་ཁ་ཟས་ཕོ་བའི་མེ་དྲོད་ཀྱིས་བཞུ་མ་ནུས་པར་བད་ཀན་དང་བེ་སྣབས་འཕེལ་ཏེ། བེ་སྣབས་དེ་ལྷེན་སྣའི་འོག་ཏུ་ཚོགས་པ་ལ་བད་ཀན་ལྷེན་ཞེས་བྱ།།

རྒྱུ་རྐྱེན།

   རྒྱུ་ནི་ཐ་མལ་ནད་དུ་གནས་པའི་བད་ཀན་དང་རྐྱེན་ནི་རོ་ཁ་བ་དང་མངར་བ། ནུས་པ་ལྕི་བ་དང་བསིལ་བ་སྣུམ་པ་སོགས་བསྟེན་དྲགས་པ་དང་། ཁ་ཟས་ཀྱིས་འགྲངས་པའི་རྗེས་སུ་ཧ་ཅང་དལ་བར་འདུག་པ་དང་། ཉི་དཀར་གཉིད་ལོག་པ་དང་རླན་སར་ཉལ་བ། ཆུ་གྲང་མོའི་ནང་དུ་ཡུན་རིང་ཞུགས་པ་དང་། ལུས་འཁྱགས་པ། གྲོ་སྲན་སོགས་གསར་ཐོག་གམ་སེར་ཅན་ཞེས་ལེགས་པར་མ་སྨིན་པ་དང་། སུངས་པ་དང་། ར་སྐོམ་གྱི་ཤ་རིད་པ་སྟེ་རྗུད་པ་དང་། ཚིལ་བུ་སོགས་རུལ་བ། ལོ་ཤུར་ཏེ་སྲན་མའི་ལོ་མ་རྙིང་བ་དང་ལ་ཕུག་རས་པ། རི་སྒོག་ལ་སོགས་རྗེན་པའི་ཟས་མཐའ་དག་དང་། མ་ཚོས་པ། ཚིག་དྲགས་པ། ཁེངས་པོར་གྱུར་བའི་ཟས་ཀྱི་རིགས་ཟ་བ་དང་། བ་རའི་འོ་མ་དང་ཞོ་མ་ལངས་པ་དར་བ་རས་པ། ཆུ་གྲང་མོ་དང་ཇ་སོགས་མང་དུ་འཐུང་བ། གཞན་ཡང་བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ་སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡིས་བད་ཀན་གྲང་ནད་སློང་བ།།

ནད་རྟགས།

   ལྷེན་སྣའི་འོག་ཏུ་འདྲིལ་སྙམ་བྱེད་ཅིང་ལྟོང་ངེ་ན་ལ་མནན་ན་འདྲིལ་མེད་པ། དང་ག་མི་བདེ་བ། ཟས་འཇུ་དཀའ་བ། ཟོས་དུས་ན་ཞིང་ལྟོགས་ན་བདེ་བར་ཚོར་བ།

   རྩ་བྱིང་རྒུད་དལ་བ།

   ཆུ་དཀར་ལ་དྲི་རླངས་ཆུང་།

   ལྕེ་མདངས་མེད་འཇམ་ལ་རློན་པ།

གཞོགས་འདེགས་བརྟག་དཔྱད།

   ཕོ་ཁའམ་ལྷེན་སྣའི་འོག་ཏུ་འདྲིལ་སྙམ་བྱེད་ཅིང་མཐེབ་མོས་མནན་ན་འདྲིལ་བ་མེད་པ་ནི་ལྷེན་ཡིན་ལ། གལ་ཏེ་མནན་ན་སྲ་ཞིང་འདྲིལ་བ་དང་ཟོས་ཚད་སྐྱུག་པ་ནི་ལྷེན་སྐྲན་དུ་གྱུར་པ་ཡིན་པས་སོ་སོར་ངོས་བཟུང་དགོས།

འཁྲུལ་སོ་བསལ་ཐབས།

   ཟས་རྗེས་ན་བའི་ཆ་ནས་ལྷེན་སྐྲན་དང་ཟས་སྐྲན་ལ་འཁྲུལ་སོ་ཆེ་སྟེ།

   ལྷེན་སྐྲན་དང་འཁྲུལ་སོ་བསལ་བ། ལྷེན་དེ་ཉིད་རྒྱ་ཆགས་ནས་སྐྲན་ལྟར་འདྲིལ་ཚེ་མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་དང་། ཁ་ཟས་གང་ཡང་མི་ལེན་པར་ཟོས་ཚད་ཕྱིར་སྐྱུགས་པ། རླན་གྲང་ཆེ་བའི་གནས་སུ་བསྡད་ན་ན་བ། ཤེད་ཆུང་ཞིང་སྒྲེག་པ་མི་ཐོན་པ་ལས་འཁྲུལ་སོ་སེལ་ནུས།།

   ཟས་སྐྲན་དང་འཁྲུལ་སོ་བསལ་བ།ཕོ་བ་འཚིང་ལ་སྒྲེག་པ་མང་བ། ཟས་ཟོས་ཐོག་ཏུ་གླང་ཐབས་ན་བ། ཟས་གང་མ་ཞུ་བ་དེ་ལྷག་པར་གནོད་པ། གདོང་དང་མིག་ལྕིབས་དང་རྐང་བོལ་གཡོ་བ་ལས་འཁྲུལ་སོ་སེལ་ནུས།།

X