//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

མགོ་རླུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 14:28:57 ཀློག་གྲངས། 74 

   མགོ་རླུང་གི་ནད་ནི་ཐ་མལ་དུ་གནས་པའི་རླུང་གི་བྱེད་ལས་འཁྲུགས་ནས་མགོ་སྟེ་རང་རྒྱུད་གནོད་བྱ་ལ་ཞུགས་ནས་ཀླད་པའི་དབང་རྩའི་ནུས་པ་ཉམས་ཞན་དུ་གྱུར་བའི་ནད།།

རྒྱུ་རྐྱེན།

  སེམས་ལས་ཆེ་བ་དང་། མྱ་ངན་ཆེ་བ། རིག་པ་གཅུན་དྲགས་པ་སོགས་ཀྱིས་སློང་བ།

ནད་རྟགས།

  མགོ་ཡུ་འཁོར་བ་དང་རྣ་བ་འུར་བ། སྟོང་སྐྱུགས་བྱེད་ཅིང་ལངས་ན་འགྱེལ་བ། ཕྱི་ཡུལ་འཁྱོམས་པ་སྟེ་སྣང་ངོར་གཡོ་བར་བྱེད་པ།

 འཕར་རྩའི་རྒྱུ་བ་རྐྱལ་སྟོང་སྐབས་སུ་སྡོད་པ།

  དྲི་ཆུ་སྔོ་ལ་སླ་བ། རླངས་པ་ཆུང་ལ་ཡུན་ཐུང་བ། དྲི་མ་མེད་པའམ་ཡང་ན་ཆུང་བ། ཝུ་བ་སྔོ་ལ་ཆེ་བ། ཀུ་ཡ་སྤུ་དང་འདྲ་བ། སྤྲིས་མ་སྲབ་པ། རླངས་པ་ཡལ་རྗེས་ལྡོག་པ་དང་། ལྡོག་ཚུལ་གང་སྲབ་མཐའ་ནས་ལྡོག་པ། ལོག་རྗེས་སྔོ་ལ་སླ་བ།

  ལྕེ་དམར་ཞིང་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

  མགོ་རླུང་ནི་མགོ་བོར་རླུང་ནད་ཞུགས་པས་མགོ་ཡུ་འཁོར་བ་དང་རྣ་བ་འུར་བ་བཅས་ཀྱི་རྟགས་འབྱུང་བས་རྒྱུན་ལྡན་གྱི་ཁྲག་པྲ་ལས་ཕྲ་ཕུང་དམར་པོ་དང་ཕྲ་ཕུང་དཀར་པོའི་ཚད་དེ་ཇེ་དམའ་རུ་འགྲོ་ལ་ཕྲ་ཕུང་གི་བོངས་ཚད་ཇེ་ཞན་དུ་འགྲོ་ངེས། སྙིང་གི་ནུས་པ་ཇེ་ཞན་དུ་འགྲོ་བ། ཁྲག་ཤེད་སྔོན་ལས་ཇེ་དམའ་རུ་འགྲོ་བ། ཁྲག་གི་སྙོམས་ཚད་རྒྱུན་ལྡན་ལས་གར་པོ་གྱུར་ཏེ་ལུས་ཁམས་མི་བདེ་བ། མགོ་བོར་CTབརྟག་དཔྱད་བྱས་པས་ཀླད་ཆུང་ལ་སྐྱོན་ཞུགས་པ་མངོན་རྒྱུ་ཡོད།།

འཁྲུལ་སོ་བསལ་བ།

  མགོ་ཡུ་འཁོར་བ་དང་སྐྱུགས་མེར་ལངས་པ། རྣ་བ་འུར་བ་སོགས་ཀྱི་ཆ་ནས་ཀླད་སྐྲན་དང་གཟའ་ནད། ཁྲག་ཟད་པའི་ནད་སོགས་དང་ནོར་ཉེན་ཆེ།

  ཀླད་སྐྲན་དང་འཁྲུལ་སོ་བསལ་བ། ཀླད་སྐྲན་ནི་བྱུང་བའི་དུས་ཚིགས་ལ་ངེས་པ་མེད་ཅིང་། རིམ་བཞིན་ཀླད་པའི་གནས་ངེས་ཅན་ལ་བཙིར་གནོན་ཐེབས་པས་ཡན་ལག་གི་བྱེད་ལས་དང་ཚོར་བ་ཉམས་པ། དེ་མིན་CTབརྟག་འབྲས་སུ་ཁྱད་པར་གྱི་ནད་འགྱུར་མངོན་པ་ལས་འཁྲུལ་སོ་བསལ་དགོས།

  གཟའ་ནད་དང་འཁྲུལ་སོ་བསལ་བ། གཟའ་ནད་ལ་ཐོག་མར་གོང་གི་ན་ལུགས་དག་སྟོན་ཀྱང་ཁྱད་པར་དུ་ནད་བྱུང་མྱུར་ལ་མང་ཆེ་ཤས་གཟའ་རྒྱུ་བའི་དུས་སུ་འཛིན་པ་དང་། གཞོགས་བཤལ་བའམ་ལུས་ཡོངས་བཤལ་བ། མིག་རྩ་གྲུང་བ། ཁ་ལྐུགས་པ། ཚོར་བ་ཉམས་པའམ་བེམ་པ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་བསལ་དགོས།

  ཁྲག་ཟད་པའི་ནད་དང་ཁྲུལ་སོ་བསལ་བ། ཁྲག་ཟད་པ་ནི་མཚོན་རྨ་ཕོག་པ་སོགས་གློ་བུར་ཕྱི་རྐྱེན་དང་བད་ཀན་སྨུག་པོ་རྡོལ་བ་སོགས་ནང་རྐྱེན་གང་རུང་གིས་ཟུངས་ཁྲག་ཤོར་བའམ་ཡང་ན་ནད་ཀྱི་རྐྱེན་ལས་ཟུངས་ཁྲག་ཟད་པ་སོགས་ལ་སློང་བ་རྒྱུ་རྐྱེན་གྱི་སྒོ་ནས་བརྟག་ན་ངེས་ཤིང་། ཁྱད་པར་དུ་མིག་ལྕིབས་ཀྱི་ནང་ངོས་དཀར་བ་ལས་འཁྲུལ་སོ་བསལ་དགོས།

གོང་ངོས། སྲོག་རླུང་།
X