བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཙམ་པ་ཀ་ཡིས་ཚད་པ་འཇོམས་པར་བྱེད།།ཞེས་རྒྱ་གར་ནས་འོང་བའི་གང་བུ་མཁྲེགས་པོ་གོ་བོའི་སྒྲོ་དབྱིབས་ཞེང་སོར་བཞི་སྲིད་མདའ་ཚད་ཙམ་གྱི་ནང་ནས་འབྲས་བུ་དཀར་པོ་བྲེ་གའི་གང་དབྱིབས་འདབ་མ་དཀར་འཇམ་ཅན་བརྒྱ་ཕྲག་བདུན་བརྒྱད་ཙམ་ཡོང་བ།དབང་ཞུའི་མེ་ཏོག་ལྷ་ལ་དོར་རྒྱུ་བྱེད་པ་འདིས་ཀྱང་རྒྱ་ཚད་སོགས་ཚད་རིགས་ཀུན་ལ་ཕན་ནོ། ཞེས་དང་།
སྨན་མིང་རྒྱ་མཚོ་ལས། ཙམ་པ་ཀ་ཡིས་ཚད་པ་འཇོམས།། ཞེས་དང་།
སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ཙམྤ་ཀ ཟུར་ཆག་ཙམ་པ་ཀ་ཞེས་པ་ནི། རྒྱ་གར་དང་བལ་པོར་ཡང་སྐྱེ་བའི་ཤིང་སྡོང་ཆེན་པོ། མེ་ཏོག་སེར་པོ་དང་། དཀར་སེར་ཆེན་པོ་གཞོན་ནུའི་དུས་དྲི་བསུང་བཟང་པོ་ཅན་ཞིག་སྟེ། མིང་གི་རྣམ་གྲངས། ཧ་མ་པུཥྞཱི་ཀཿ གསེར་གྱི་མེ་ཏོག གནྡྲ་ཕ་ལཿ དྲི་འབྲས་ཅན་སོགས་སོ།། ཞེས་དང་།
གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། སྔོ་སྨན་མེ་ཏོག་ཙམ་པ་ཀ་ནི། རྒྱ་གར་དུ་རྩ་ལས་འཁྲུངས་པའི་མེ་ཏོག་སྟེ། མེ་ཏོག་གི་གཙོ་བོ་ཡིན་པས་མཆོད་པ་ལ་བསྔགས་ཤིང་། དེའི་འབྲུ་ད་ལྟ་འོང་བ་གང་བུ་ལེབ་མཁྲེགས་གོ་བོའི་སྒྲོ་ལྟར་ཞེང་སོར་བཞི་སྲིད་མདའ་ཙམ་གྱི་ནང་འབྲུ་དཀར་པོ་བྲེ་གའི་གང་བུ་ལྟ་བུ་བརྒྱ་རྩ་ཅི་རིགས་ཡོད། ཅེས་གསུངས་ཡོད།



