>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཐལ་ཀ་རྡོ་རྗེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 10:54:20 ཀློག་གྲངས། 31

             བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཐལ་ཀ་རྡོ་རྗེ་དག་ཀྱང་དེ་བཞིན་ནོ།། ཞེས་པར། ལྕགས་ཕྲེང་ལས།ཐལ་ཀ་སྙོམས་ལ་ཡིད་ནད་སྐེམ།། ཆུ་སེར་འཇོམས་དང་ཤུ་བ་གསོ་བར་བྱེད།།ཅེས་དང་། རང་བྱུང་པས།ཐལ་ཀས་གཟའ་དང་ཆུ་སེར་འདྲེན།། གསུངས་པའི་མིང་།ཨོ་ཊི། ཤ་རི་རཾ་ཟེར།འདི་སྔོན་སངས་རྒྱས་ཀྱི་རིང་བསྲེལ་ལས་བྱུང་བར་བཤད། འཁྲུངས་དཔེར། ཐལ་ཀ་རྡོ་རྗེ་ཞེས་བྱ་བ།། ཤིང་ཕུང་ཕྲ་ཞིང་ཆུང་བ་ལ།། མེ་ཏོག་སེར་པོ་སུལ་ཅན་ཏེ།། ལོ་མ་འབྲས་བུ་ཆུང་བ་ཡིན།། གང་བུ་རིང་ལ་འབྲས་བུ་ནི།། ཁྱི་ཡི་ཕོ་མཚན་འདྲ་བ་ཡོད།། རོ་ནི་ཡིད་ཙམ་ཁ་བ་ཡིན།། རང་གི་ནུས་པས་ཆུ་སེར་སྐེམ།། ཞེས་དང་། འདྲ་ཡིག་ཏུ། ཐལ་ཀ་རྡོ་རྗེ་ཁྱི་ཡི་ཕོ་མཚན་འདྲ།། ཞེས་སོ།།འདྲ་ཡིག་ལ་བརྟེན་ནས་ཆང་གང་པ་ལ་བྱེད་པ་དང་། འཁྲུངས་དཔེར་འཁྲུལ་ནས་བྲ་མའི་འབྲས་བུ་ལ་བྱེད་པ་རྣམས་ནོར་བའོ།། འདི་ལ་ཕོ་མོ་རིགས་གཉིས་ཏེ།ཕོ་རིགས་གང་བུ་ཕྲ་མོའི་ནང་ནས་འབྲས་བུ་སེར་འཇོང་ཅན་དང་། མོ་རིགས་དེ་ལས་ཆེ་བའི་ཀྲི་ཀ་ཡོད་པ་ཞིག་ཡོད་ལ།གཉིས་ཀ་སྲ་མཁྲེགས་འོད་དུ་འབར་བའོ།། འདི་ལ་ཆེ་བཤད་ཁུངས་གཏམ་མི་ཉུང་ཙམ་འདུག་ཀྱང་བཞག་ལ། དོན་དུ་བཅུད་ལེན་རོ་ཙའི་ནུས་བ་ཆེ་བར་བཤད།  ཅེས་དང་།

          རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཐལ་ཀ་རྡོ་རྗེ་རོ་ཁ་ཞུ་རྗེས་བསིལ།། ནུས་པས་ཆུ་སེར་འཇོམས་ཤིང་རུས་ཆག་གསོ།  ཞེས་དང་།

          སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཐལ་ཀ་རྡོ་རྗེ་རོ་ནི་ཅུང་ཟད་མངར།། ནུས་པས་སྲིན་དང་པགས་ནད་ཆུ་སེར་སེལ།།

               གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། ཐལ་ཀ་རྡོ་རྗེ་ནི། ལོ་སྡོང་ལྗང་ཆུང་མེ་ཏོག་སེར་པོ་འདབ་ལྔ་པ། གང་བུ་ཕྲ་རིང་འབྲུ་ཁྱིའི་ཕོ་མཚན་གྱི་དབྱིབས་ཅན་ཏེ། གང་ཕྲ་འབྲུ་སེར་འཇོང་བར་ཕོ་དང་། དེ་ལས་ཆེ་ལ་འབོལ་བ་ཀྲི་ཀ་ཡོད་པར་མོ་རིགས་ཟེར། ད་ལྟ་རྒྱ་ནག་སླེ་ཏྲེས་འབྲུ་ལ་ངོས་འཛིན་པ་ནོར་བའོ།། ཞེས་གསུངས་ཡོད།

གོང་ངོས། ཐང་ཁྲག
X