//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཀྲུང་གོའི་བོད་ཀྱི་གསོ་རིག > དཔྱད་རྩོམ་འབྲི་ཐབས། > ནང་དོན།

དཔྱད་རྩོམ་འབྲི་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-21 9:21:32 ཀློག་གྲངས། 139 

སྤྱིར་བྱ་དངོས་གང་ཞིག་ཡིན་རུང་དུས་རབས་ཤིག་གི་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་ངམ་ངམ་ཤུགས་ཀྱིས་འགྱུར་ལྡོག་གམ་འཕེལ་འགྲིབ་འབྱུང་གི་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ལ། དེ་བཞིན་དུ་བོད་ཀྱི་གསོ་བ་རིག་པའི་དཔྱད་རྩོམ་འབྲི་ཐབས་ཀྱང་དུས་རབས་དང་ལོ་རབས་མི་འདྲ་བ་རེ་རེའི་ནང་དུ་རྣམ་པ་ཅུང་མི་འདྲ་བ་འགའ་རེ་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་མིག་མདུན་གྱི་འཕེལ་རྒྱས་ཕྲན་ཙམ་ལ་ཡིད་ཚིམ་ནས་མི་སྡོད་པར་ཚན་རིག་ཅན་དང་འཛམ་གླིང་ཅན་གྱི་དཔྱད་རྩོམ་ཞིག་ཏུ་འགྱུར་བར་ད་དུང་མཁས་མང་ཀུན་གྱི་བསམ་ཚུལ་ལམ་ལྷག་པར་དུ་རིགས་པའི་རྩལ་ལས་ཐོན་པས་ལྟ་ཚུལ་བ་གསར་ཞིག་ཤིན་ཏུ་མཁོ་གལ་ཆེའོ། །

གཤམ་ནས་གོང་གི་དཔྱད་རྩོམ་འབྲི་ཚུལ་གྱི་ནང་དོན་དང་མཐུན་པའི་ལྗགས་རྩོམ༼ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་སྐོར༽ཞེས་པ་ཞིག་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་མཛད་གནང་པ་སྟེ་ཁོ་བོས་བོད་གསོ་རིག་གི་སྨྱུག་ཐོགས་པ་སྤྱི་དང་སྒོས་སུ་ཚེ་རིག་འཛིན་པ་ཡོངས་ལ་གྲོས་འདེབས་ཀྱི་ཚུལ་དུ་འདིར་བཀོད་པ་ཡིན་པས། སླད་ཕྱིན་ཡང་འདི་ལྟ་བུའི་དཔྱད་རྩོམ་འདྲ་ཡོད་ན་ང་ཚོར་མཁོ་སྤྲོད་གནོངས་དང་ང་ཚོས་ཁྱོད་ཀྱི་བསམ་བློ་དང་ལྟ་ཚུལ་གསར་བ་སྟེ་མི་ཀུན་གྱི་སྤྱན་ལམ་དུ་འབུལ་རྩིས་ཡོད།

ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་སྐོར་བཤད་པ།

                                             མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་། དཀོན་མཆོག་རྒྱལ་མཚན།

ནང་དོན་གནད་བསྡུས།  ཉེ་བའི་ལོ་འདི་དག་གི་རིང་ལ་ནུབ་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་བྱེད་ཐབས་དེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་མགྱོགས་མྱུར་གྱིས་དར་བའི་དབང་གིས་དེང་སྐབས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སྤྱི་དང་སྒོས་སུ་བོད་ཀྱི་གསོ་རིག་གི་ཞིབ་འཇུག་བྱ་བའི་ཁྲོད་དུའང་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་ཚན་རིག་ཞིབ་འཇུག་གི་བྱེད་ཐབས་སྐོར་ཁྱབ་བཞིན་ཡོད་པས། འདིར་ལས་དང་པོ་བ་རྣམས་ལ་ཆེད་དུ་དམིགས་ཏེ་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་ཇི་ལྟར་འབྲི་དགོས་པའི་ཚུལ་གོ་བདེ་བའི་དཔེ་དང་སྦྱར་ཏེ་གསལ་བོར་བཀོད་ཡོད།

གནད་ཚིག  ཚན་རིག་ཞིབ་འཇུག  དཔྱད་རྩོམ་འབྲི་ཚུལ། ཞིབ་འཇུག་ཐབས་ལམ།

གླེང་གཞི།

རང་རེའི་བོད་ཀྱི་གསོ་རིག་གི་ལས་དོན་གཉེར་བའི་མི་རྣམས་ཀྱིས་ཚན་རིག་ཞིབ་འཇུག་གི་ཐབས་ལམ་སྣ་ཚོགས་སྤྱད་དེ་བོད་ཀྱི་གསོ་རིག་གི་ནང་དོན་རྣམས་དེང་རབས་མི་རྣམས་ཀྱིས་གོ་བ་ལེན་བདེ་བ་ཞིག་དང་།  གསོ་རིག་ཁྲོད་ཀྱི་བག་ལ་ཉལ་བའི་ཤེས་བྱ་རྣམས་གསལ་འདོན་བྱ་ཐུབ་རྒྱུ་ནི་ད་ལྟའི་སྤྱི་ཚོགས་ཁྲོད་ཧ་ཅང་དགོས་གལ་ཆེ་སྟེ།  རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་གི་ངོས་ནས་བལྟས་ན་ཚན་རིག་ཞིབ་འཇུག་གིས་ར་སྤྲོད་མ་བྱས་པའི་དོན་དག་གང་ཞིག་ཡིན་རུང་ཀུན་གྱིས་ཡིད་རྟོན་མི་བྱེད་པ་དང་ཁས་མི་ལེན་པའི་གནས་སུ་ལྷུང་འདུག  དེ་བས་ཚན་རིག་ཞིབ་འཇུག་གི་དངོས་གཞིའི་ནང་དོན་ནི་བོད་ཀྱི་གསོ་རིག་གི་ནང་དོན་རྣམས་ལ་ཚན་རིག་གི་ལམ་ནས་ར་སྤྲོད་བྱ་རྒྱུ་དང་། ཚན་རིག་གིས་ར་སྤྲོད་བྱས་པ་རྣམས་ཡིག་ཐོག་ནས་འགྲེམ་སྤེལ་བྱ་རྒྱུ་དེ་ཡིན་པ་དང་། འགྲེལ་སྤེལ་བྱ་རྒྱུའི་ཡིག་ཆ་ཡང་ནུབ་ཕྱོགས་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་དང་མཐུན་རྒྱུ་གལ་ཆེ།  ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་ནི་ཡིག་ཐོག་གི་ནང་དོན་ངོ་སྤྲོད་བྱེད་པའི་ཐབས་ཤིག་ཡིན་པས་དེང་རབས་པ་རྣམས་ཀྱིས་གོ་བ་ལོན་སླ་བར་འགྱུར།  དེས་ན་ཚན་རིག་ཞིབ་འཇུག་དང་དེའི་དཔྱད་རྩོམ་འབྲི་ཚུལ་ནི་བོད་ཀྱི་གསོ་རིག་ནང་དོན་རྣམས་སྐད་བརྡ་གསར་བ་ཞིག་ལས་འགྲེལ་བཤད་བྱེད་པ་ཞིག་ཡིན་པ་གསལ་བར་མངོན།  དེ་བས་གཤམ་དུ་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་མདོ་ཙམ་ཞུ་བ་ལ།

ཚན་རིག་ཞིབ་འཇུག་གི་ཆེས་མཇུག་མཐའི་ལས་ཀ་ནི་ཞིབ་འཇུག་འབྲས་བུའི་ནང་དོན་རྣམས་དཔྱད་རྩོམ་དུ་བྲིས་ཏེ་ཆེད་ཚན་དུས་དེབ་ཏུ་འགོད་རྒྱུ་དེ་ཡིན་པས།  ནུབ་ཕྱོགས་སུ་དེའི་དཔྱད་རྩོམ་གྱི་འགྲོས་ལ་གཅིག་གྱུར་གྱི་སྲོལ་ཞིག་དར་ཡོད་པས་བོད་ཀྱི་གསོ་རིག་གི་ཚན་རིག་ཞིབ་འཇུག་རྣམས་ལ་ཡང་དེ་འདྲའི་གཅིག་གྱུར་གྱི་སྲོལ་ཞིག་ཡོད་ན་ལེགས།  ཞིབ་འཇུག་གང་ཞིག་བྱས་པ་དེའི་མཇུག་འབྲས་དེ་ལས་རིགས་གཅིག་པའམ་ཆེད་ལས་གཅིག་པ་རྣམས་ལ་ཤེས་པར་བྱས་ན་ཆེད་ལས་དེའི་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་ཡང་གོང་དུ་བཤད་པ་ལྟར་ཡིན་པས།  ཞིབ་འཇུག་གི་འབྲས་བུ་དེ་ཡིག་ཐོག་ཏུ་བྲིས་ཏེ་པར་སྐྲུན་བྱེད་རྒྱུ་ནི་མེད་དུ་མི་རུང་བའི་བྱ་བ་གལ་ཆེན་ཞིག་རེད།  ཡིག་ཐོག་ཏུ་འགོད་པར་ནུབ་ལུགས་ཚན་རིག་ཞིབ་འཇུག་པ་རྣམས་ཀྱིས་གཅིག་གྱུར་གྱི་འབྲི་ཚུལ་ཤིག་བཟོས་འདུག་པས་ཞིབ་འཇུག་པ་ཡོངས་ཀྱིས་ལུགས་དེ་བཞིན་ཡིག་ཐོག་ཏུ་འགོད་པ་དང་།  དེ་ལ་བོད་སྐད་དུ་རྩོམ་ཡིག་གམ་དཔྱད་རྩོམ་ཞེས་པ་དེས་གོ་ནུས་པར་བྱེད། དེ་ན་རང་རེའི་བོད་ཀྱི་གསོ་རིག་གི་ཞིབ་འཇུག་དཔྱད་རྩོམ་རྣམས་ཀྱང་ལུགས་དེ་ལྟར་བྲིས་ཚེ་གཅིག་གྱུར་ཡོང་སྲིད་པ་དང་། དེ་ནུབ་ལུགས་ཚན་རིག་པ་རྣམས་ཀྱིས་ཀྱང་ཤེས་སླ། དེས་ན་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་ཅུང་ཟད་རྒྱས་པར་ཁོ་བོའི་བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་གི་གཞུང་ལུགས་དང་ཐབས་ལམ་ཇུས་འགོད་ཅེས་པར་ཡོད་པ་དང་།  འདིར་ཅུང་ཟད་བསྡུས་ཏེ་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་སྤྱིའི་འགྲོ་ལུགས་བཤད་པར་བྱ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X