>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཨ་འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-08 11:09:04 ཀློག་གྲངས། 39

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཨ་འབྲས་སྲ་འབྲས་འཇམ་འབྲས་མཁལ་ནད་སེལ།། ཞེས་པར། གདམས་པ་སུམ་ཅུ་པ་ལས། ཞོ་ཤ་གསུམ་པོ་རང་རིགས་འཕྲོད་དང་སྦྱོར།། གང་ཡིན་ཉེས་གསུམ་འཇོམས་པར་བྱེད་པ་ཡིན།། ཞེས་པའི་ཨ་འབྲས་ནི། མིང་། ཨ་མྲ་ཕ་ལ། ཨམྦ། ཨ་འབྲས། བྷཧུ་རས་ནི། ཤ་འབྲས་ཟེར། འཁྲུངས་དཔེར། ཨ་འབྲས་ཤིང་སྡོང་ཆུང་བ་ལ།། ལོ་མ་ལྕུམ་གྱི་ལོ་མ་འདྲ།། མེ་ཏོག་སྔོན་པོ་གདུགས་ལྟར་ཕུབ།། འབྲས་བུ་ཤ་བའི་རླིག་པ་འདྲ།། རོ་ནི་སྐྱུར་ལ་མངར་བ་ཡིན།། རང་གི་ནུས་པས་མཁལ་ནད་སེལ།། ཞེས་པའི་འབྲས་བུ་གང་བུ་ནར་མོ་མཐེབ་ཆེན་སྦོམ་པ་ཙམ་ལ་ཤ་བའི་སྤུ་འདྲ་བ་སྐྱེས་ལ་རྩ་རིས་ཡོད་པའི།། གང་བུ་ལྕི་ལ་དཀྲོགས་པས་སྒྲོག་སྒྲོག་ཟེར་ན་ནང་འབྲས་བཟང་། ཡང་ལ་སྒྲོག་སྒྲ་མེད་ན་རུལ་བའམ་འབུས་ཟོས་པས་ངན། འདྲ་ཡིག་ཏུ། ཨ་འབྲས་ཤ་བའི་རླིག་འབྲས་འདྲ།། ཞེས་སོ།།
     གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ཨ་འབྲས་ཤིང་སྡོང་ཕྲ་བ་ལ།། ལོ་མ་ལྕུམ་གྱི་ལོ་མ་འདྲ།། མེ་ཏོག་སྔོན་པོ་གདུགས་ཕུབ་འདྲ།། འབྲས་བུ་ཤ་བའི་རླིག་པ་འདྲ།། ཡང་ན་རྒྱང་ལྕགས་སྐམ་པོ་འདྲ།། རོ་ནི་སྐྱུར་ལ་མངར་བ་ཡིན།། རང་གི་ནུས་པས་མཁལ་ནད་སེལ།། ཞོ་ཤ་གསུམ་དང་འབྲས་བུ་གསུམ།། མཁལ་ནད་སེལ་བའི་བཟང་དྲུག་ཡིན།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཨ་འབྲས་ཞེས་པ་ཤ་འབྲས་ཏེ་ཤ་བའི་འབྲས་བུ་འདྲ།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཨ་འབྲས་ཤིང་གི་ལྦ་བ་འདྲ།།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ཨ་འབྲས་ནི་ཨ་མྲ་ཞེས་ཤིང་སྡོང་ཆེན་པོ་ལྗང་ནག  འབྲས་བུ་ལྗང་གུ་སྨིན་ནས་སྔོ་ལྗང་དུ་འགྲོ་བ། རོ་ཤིན་ཏུ་མངར་སྐྱུར་དང་ལྡན་པ་ཞིག་ཡོད། དེ་ལས་རྒྱ་བལ་དུ་ཁཎྡྲི་བྱས་པ་ཡོད། དེང་སང་བལ་སྨན་གྱི་ཁྲོད་དུ་འབྱུང་བའི་སྐྱ་བོ་སྤུ་སོབ་རྩ་རིས་ཀྱི་རྣམ་པ་ཡོད་པ་འདི་ནི་དེའི་ནང་རུས། འཇང་སོགས་ནས་འབྱུང་བའི་ཤིང་ཏོག་སེ་ཞགས་ཆགས་པ་འདི་ནི། ཤིང་ཏེན་ཏུ་ཀའི་འབྲས་བུ་ཡིན་གྱི། ཨ་འབྲས་མིན།
     མཛེས་མཚར་མིག་རྒྱན་ལས། ཨ་འབྲས་ནི། རྒྱ་སྐད་དུ། ཨ་མྲ་ཕ་ལ་དང་། ཡང་ཤ་འབྲས་ཟེར། ཤིང་སྡོང་ཆུང་ལ་ལོ་མ་ལྕུམ་ལོ་འདྲ་བ། མེ་ཏོག་སྔོན་པོ་གདུགས་ལྟར་ཕུབ་པའི་འབྲས་བུ་ཤ་བའི་རླིག་པ་ལྟར་ནར་མོ་མཐེབ་ཙམ་སྦོམ་པ་རྩ་རིས་ཡོད། རོ་སྐྱུར་ལ་མངར་བས་མཁལ་མའི་གྲང་ནད་སེལ།

གོང་ངོས། ཨ་རུ་ར།
X