>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སོ་ཆ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-08 10:35:41 ཀློག་གྲངས། 38

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སོ་ཆས་ནད་ཀུན་གྱེན་འདྲེན་སྐྱུགས་སྨན་མཆོག། ཅེས་པར། རོ་སྐོར་ལས། པོ་སོ་ཆ་ནི་དྲོ་ལ་རྣོ།། ཞེས་དང་། གདམས་པ་སུམ་ཅུ་པར། སོ་ཆ་རླན་ཞིང་གྱེན་ལ་འདྲེན་པའི་མཆོག། ཅེས་དང་། རང་བྱུང་པས། པོ་སོ་ཆ་ཡིས་ནད་རྣམས་སྐྱུགས།། ཞེས་པར་མིང་། རྒྱ་གར་པས། མ་ཏ་པ་ལ། ཕྲོམ་དུ། གྷའུ་ཟག་ཐ། རྒྱ་ནག་ཏུ། ཟི་ར་ཀྵ། བོད་སྐད་དུ་པོ་སོ་ཆའོ།། འཁྲུངས་དཔེར། སྟོད་དུ་འདྲེན་བྱེད་སོ་ཆ་ནི།། ཚད་རོང་དག་ལས་སྐྱེ་བ་ཡིན།། ཤིང་སྡོང་ཆེ་ལ་རབ་ཏུ་མཁྲེགས།། ལོ་མ་སྣུམ་ལ་ཕྲ་བ་སྟེ།། མེ་ཏོག་དཀར་ལ་འབྲས་བུ་ནི།། མི་རྒན་དག་གི་འབྲས་བུ་འདྲ།། རོ་ནི་ཚ་ལ་ཡིད་ཙམ་སྣུམ།། རང་གི་ནུས་པས་བད་ཀན་སོགས།། ནད་རྣམས་ཐམས་ཅད་གྱེན་དུ་འདྲེན།། སྐྱུགས་སྨན་ཀུན་གྱི་གཙོ་བོ་ཡིན།། ཞེས་བཞིན་ལས་ཤིང་ཚེར་མ་ཅན་འབྲས་བུ་མིའི་རླིག་འབྲས་འདྲ་བ། ཁམ་སྐམ་ཙམ་གྱི་ནང་དུ།། ཚི་གུ་དོང་གའི་འབྲུ་འདྲ་བ་ཡོད་པ་དེ་ཡིན། རྒྱ་ནག་ནས་ཆེ་ཆུང་དེ་ཙམ་ལ་འབྲས་བུ་ཟུར་གསུམ་ཕྱོགས་མཚོན་ཙམ་པ་ནག་ལ་རྩུབ་པའི་ནང་དུ་ཚི་གུ་རང་གང་དཀར་སེར་སྣུམ་པ་དེས་ཀྱང་འདྲེན་པར་འདྲ་བ་དང་། ཁ་ཅིག་ལུང་ཏང་གི་ཕྱི་ལྤགས་འདྲ་དཔེ་བཤད་ལྟར་བ་དེས་བྱེད་པ་ཡང་སྐྱུགས་འདྲེན་ཐུབ་པར་བཤད་པ་དང་། ལྡུམ་སོ་ཆ་ཞེས་པ་སྟག་ཡུངས་པའང་ཟེར། སྲིབ་ཀྱི་སྟག་མ་སོགས་ཤིང་སུབ་ཆེ་ལ་འབོལ་བའི་ས་ལས་སྐྱེས་པ། སྡོང་པོ་ཁོང་སྟོང་མཐོ་གང་ཙམ་པ་ལ་གྲ་མ་མེད་པའི་སྙེ་མ་འདྲ་བ། ནང་དུ་འབྲུ་རྒྱ་མེན་པའི་ས་བོན་འདྲ་ལ་ཞིབ་པ་ཅན་གྱི་རྟིང་པ་ཉུངས་རྡོག་འདྲ་མཇུག་མ་ཤིང་གི་རྩ་ཕྲན་འདྲ་བ་ཅན་དེས་ཀྱང་འདྲེན་ཤེད་ཆུང་ཙམ་འདྲེན་པས་ན་ཕྱི་མ་རིམ་པས་དམན་པ།
         རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། པོ་སོ་ཆ་ནི་སྐྱུག་སྨན་གྱི་གཙོ་བོ་སྟེ་མི་རྒན་རླིག་པ་ལྟ་བུ།
         རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། པོ་སོ་ཆ་ནི་རོ་ཚ་སྐྱུར་ལ་དྲོད།། ནུས་པས་མ་ཞུ་བད་ཀན་གྱེན་དུ་འདྲེན།།
         སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། པོ་སོ་ཆ་ནི། ཚད་རོང་དུ་སྐྱེ་ཞིང་ལྷོ་མོན་སོགས་ན་ཡོད་པའི་ཤིང་སྡོང་དཀར་མཁྲེགས་ཆེ་བ་ཚེར་མ་ཅན་ལོ་མ་སྣུམ་ལ་ཕྲ་བ་མེ་ཏོག་དཀར་སེར་འབྲས་བུ་རོ་ཚ་ལ་མི་རྒན་རླིག་པ་འདྲ་བ་ཁམ་བུ་སྐམ་པོ་ཙམ་ལ་ནང་དུ་ཚི་གུ་དོང་གའི་འབྲུ་འདྲ་བ་ཡོད་པ་ཞིག་སྟེ། དེ་ནད་ཀུན་གྱེན་དུ་འདྲེན་པའི་སྐྱུག་སྨན་གྱི་མཆོག་ཡིན།
         སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། པོ་སོ་ཆ་ནི། དབང་སྡུད་ཀྱི་སྐབས་རྣམས་སུ། མ་ད་ན་ཕ་ལཿསྟེ་མྱོས་བྱེད་ཀྱི་འབྲས་བུ་ཟེར་བ་དེ་ཡིན། དེའང་འབྲས་བུ་སེར་པོ་ལུང་ཏང་གི་འབྲས་བུའི་ཤུན་པ་འདྲ་བ་སུལ་མོ་ཅུང་ཟད་ཡོད་པ་ནང་ཚིག་གུ་སེ་འབྲུ་འདྲ་བ་ཞིག་ཡོད། ཚད་རོང་རྣམས་སུ་སྐྱེ་བའི་ཤིང་རྒན་མཁྲེགས་པོ་ཞིག་གི་འབྲས་བུ། གཞན་དག་ལུང་ཏང་གི་འབྲས་བུའི་ཤུན་པ་ལ་བྱེད་པ་དང་སྟག་མའི་ཉུང་མ་སོགས་ལ་བྱེད་པ་ནི་ནོར་བ་ཁོ་ན། ཕྱི་མ་འདི་སྲིན་ལ་ཤིན་ཏུ་ཕན་པ་ཞིག་ཡིན། སྐྱུགས་པའི་ནུས་པ་ནི་མེད།
         མཛེས་མཚར་མིག་རྒྱན་ལས། པོ་སོ་ཆ་ནི། ཚད་རོང་དུ་སྐྱེ་བ་ཤིང་སྡོང་ཆེ་དཀར་ལ་རབ་ཏུ་མཁྲེགས་ཚེར་མ་ཅན་གྱི་ལོ་མ་སྣུམ་ལ་ཕྲ་བའི་མེ་ཏོག་དཀར་སེར་འབྲས་བུ་མིའི་རླིག་འབྲས་འདྲ་བ། ཁམ་བུ་སྐམ་པ་ཙམ་གྱི་ནང་ཚི་གུ་དོང་གའི་འབྲུ་འདྲ་ཡོད་པ་ཚ་ལ་ཙམ་སྣུམ་མོ། རྒྱ་ནག་ནས་ཆེ་ཆུང་དེ་ཙམ་ལ་འབྲུ་ཟུར་གསུམ་ཕྱོགས་མཚོན་ཙམ་ནག་ལ་རྩུབ་པའི་ནང་ཚི་གུ་དང་གང་བུ་དཀར་སེར་སྣུམ་པས་ཀྱང་འདྲེན་པར་གསུངས། རོ་སྐོར་ལས།པོ་སོ་ཆ་ནི་དྲོ་ལ་རྣོ།། ཞེས་པས་ནད་ཀུན་སྐྱུགས།

གོང་ངོས། ཡིག་ཆ་མི་འདུག
X