>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

བྱི་ཏང་ག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:52:55 ཀློག་གྲངས། 68

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བྱི་ཏང་ག་ཡིས་སྲིན་སེལ་མེ་དྲོད་སྐྱེད།། ཅེས་པར། རྩིས་ཉི་ཟླའི་འཁོར་ལོ་ལས། བྱི་ཏང་ག་ནི་ཚ་ཞིང་རྣོ་སྟེ་སྲིན་དང་སྐྱ་རྦབ་སེལ་ཏེ་རྣོ་བས་འཁྲུ།། ཞེས་དང་། རང་བྱུང་བས། བྱི་ཏང་ག་དང་མ་རུ་རྩེ། སྲིན་ནད་སེལ་བའི་སྨན་དུ་གསུངས།། ཞེས་པའི་མིང་ནི། བི་ཊངྒ་ཟེར། འཁྲུངས་དཔེར། བྱི་ཏང་ག་ཞེས་བྱ་བའི་སྨན།། སྡོང་པོ་ཕྲ་ལ་རིང་བ་སྟེ།། ལོ་མ་སྐྱ་ཆུང་རྩུབ་པ་ཡིན།། མེ་ཏོག་སྔོ་དམར་ཆུང་བ་ལ།། འབྲས་བུ་སྲན་མ་སད་ཁྱེར་འདྲ།། རོ་ནི་སྐྱུར་ལ་མངར་བ་ཡིན།། རང་ནུས་འབྲུ་རེས་སྲིན་བུ་ཡི།། གྲོང་ཁྱེར་བཅོ་བརྒྱད་འཇོམས་པར་ནུས།། ཞེས་པ་འབྲས་བུ་དམར་སྐྱ་སྟོང་པ་འདྲ་བས་སེང་སྒྲ་སྒྲོགས་པ་སྲན་མ་ཙམ།
      སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བྱི་ཏང་ག་ནི། སྡོང་པོ་ཕྲ་རིང་ལོ་མ་སྐྱ་ཆུང་རྩུབ་པ་མེ་ཏོག་སྔོ་དམར་ཆུང་ངུ་ཅན་གྱི་འབྲས་བུ་སྲན་མ་སད་ཁྱེར་འདྲ་བ་རོ་སྐྱུར་མངར་ཅན་ཏེ། དེས་སྲིན་སེལ་ཞིང་མེ་དྲོད་བསྐྱེད།
     མཛེས་མཚར་མིག་རྒྱན་ལས། བྱི་ཏང་ག་ནི། སྡོང་པོ་ཕྲ་རིང་ལོ་མ་སྐྱ་ཆུང་རྩུབ་པ། མེ་ཏོག་སྔོ་དམར་ཆུང་ངུ་ཅན་གྱི་འབྲས་བུ་དམར་སྐྱ་སྟོང་བ་འདྲ་བས་སེང་སྒྲ་སྒྲོགས་པ། རོ་སྐྱུར་ལ་མངར་བ། རྩིས་ཉི་ཟླའི་འཁོར་ལོ་ལས། བྱི་ཏང་ག་ནི་ཚ་ཞིང་རྣོ་སྟེ་སྲིན་དང་སྐྱ་རྦབ་སེལ་ཏེ་རྣོ་བས་འཁྲུ། ཞེས་པས་སྲིན་སེལ་མེ་དྲོད་སྐྱེད།

གོང་ངོས། བ་རུ་ར།
X