>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ན་ལེ་ཤམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:41:37 ཀློག་གྲངས། 65

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ན་ལེ་ཤམ་གྱིས་བད་ཀན་གྲང་བ་སེལ།། ཞེས་པ་ལ། སློབ་དཔོན་དཔའ་བོས། ན་ལེ་ཤམ་ནི་མཁྲིས་སྐྱེད་རྣོ།། རྩུབ་ཅིང་དྲོད་སྐྱེད་ཡི་ག་འབྱེད།། རོ་དང་ཞུ་རྗེས་དག་ཀྱང་ཚ།།བད་ཀན་འཇོམས་ཤིང་ཡང་བ་ཡིན།། ཞེས་དང་། ལྕགས་ཕྲེང་ལས། ན་ལེ་ཤམ་ནི་དྲོ་ལ་རྩུབ་སྟེ་གྲང་བ་སེལ།། རྒྱུན་དུ་མང་བསྟེན་རླུང་སྐྱེད་ཟེར།། ཞེས་དང་། བདུད་རྩི་ཐིགས་པར། ན་ལེ་ཤམ་ནི་མཁྲིས་སྐྱེད་རྩུབ་ཅིང་རྣོ།། དྲོད་སྐྱེད་རོ་དང་ཞུ་རྗེས་གཉིས་ཀ་ཚ།། ཡང་ཞིང་བད་ཀན་འཇོམས་པས་ཡི་ག་འབྱེད།། ཅེས་དང་། རྗེ་རང་བྱུང་རྡོ་རྗེས། གྲང་ནད་ཀུན་འཇོམས་ན་ལེ་ཤམ།། ཞེས་གསུངས། མིང་ནི། ཨ་བ་ཀུ་ཙ། ཨ་བལྐུ་ཛ། ཤི་ཀུ་མ་ནི། ཧ་རེ་ཎི། མ་རཱི་ཙེ། སྃ་བཉྫ་ན། ན་ལེ་ཤམ། ཕོ་བ་རིས། ཕོ་ཚེ། དྲོད་སྨན་ཧྲིལ་མོ་རྣམས་ཟེར།འདི་ལ་རིགས་དཀར་ནག་གཉིས་ཡོད་དེ། ནག་པོ་ཕོ་ཁ་རིས་ཡོད་པ་རོ་ཤིན་ཏུ་ཚ་བ་བཟང་། དཀར་པོ་དེ་ལས་རོ་འཇམ་ལ་རི་མོ་མེད་པ་ཁ་སྦྱོར་གྱི་དབྱིབས་ཅན་དམན་པ་ཡིན། དེ་ལ་སྦ་ཚ་ནི་སྃ་བཉྫ་ཟེར། འགའ་ཞིག་རི་མོ་ཡོད་པ་ཕོ་བ་རིས། རི་མོ་མེད་པ་ན་ལེ་ཤམ། ཞེས་ཀྱང་ཟེར། ནག་པོ་དྲོད་ཆེ་ཚ་ལ་རྩུབ། དཀར་པོ་དེ་ལས་འཇམ་པས་སྐབས་སྦྱར་གཏོང་། འདྲ་ཡིག་ལས། ཕོ་རིས་སྲན་མ་བཙོས་སྐམས་འདྲ།། ན་ལེ་ཤམ་ནི་བྲ་རིལ་འདྲ།། ཞེས་གསུངས།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ན་ལེ་ཤམ་ནི་རོ་ཚ་ཞུ་རྗེས་དྲོད།། མེ་དྲོད་བསྐྱེད་ལ་ཙི་ཏྲ་ཀ་ཡང་མཚུངས།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ན་ལེ་ཤམ་ནི་རོ་ཚ་ཞུ་རྗེས་དྲོད།། མེ་དྲོད་སྐྱེད་ཅིང་བད་ཀན་གྲང་བ་སེལ།།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། ན་ལེ་ཤམ་ཞེས་པའི་ཕོ་བ་རིས་ནག་པོ་མཆོག ཤི་ཀྲུ་ཞེས་པའི་ཕོ་བ་རིས་དཀར་པོ་དམན་པ།
     མཛེས་མཚར་མིག་རྒྱན་ལས། ན་ལེ་ཤམ་ནི་མཁྲིས་སྐྱེད་རྣོ།། རྩུབ་ཅིང་དྲོད་སྐྱེད་ཡི་ག་འབྱེད།། རོ་དང་ཞུ་རྗེས་དག་ཀྱང་ཚ།། བད་ཀན་འཇོམས་ཤིང་ཡང་བ་ཡིན།། ཞེས་དང་།

གོང་ངོས། ཡིག་ཆ་མི་འདུག
X