>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

དན་རོག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:34:19 ཀློག་གྲངས། 27

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དན་རོག་ཤྲཱི་ཁཎྡྲིས་དྲག་པོར་སྦྱོང་།། ཞེས་པའི་དན་ད་ནི། སློབ་དཔོན་དཔའ་བོས། ཨེ་རཎྡྲི་མར་ཚ་ཞིང་ཁ།། ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན།། རོ་སྐོར་ལས། དནྡ་སྙོམས་ལ་རྣོ་བ་ཡིན།། ཞེས་དང་། རང་བྱུང་པས། དན་རོག་སྦྱོང་བྱེད་གསོད་བྱེད་མཆོག། ཅེས་གསུངས་པར་མིང་། ཨེ་རཎྡྲི་ཟེར། འདི་ལ་རིགས་གསུམ་སྟེ། དན་རོག་དང་། དན་ཁྲ་དང་། རུས་སྦལ་མ།། དན་རོག་ནི། འཁྲུངས་དཔེར། དན་རོག་དྲོད་ཀྱི་ཡུལ་དུ་སྐྱེ།། རྩ་བ་སྦོམ་ལ་ཤིན་ཏུ་རིང་།། ལོ་མ་ཆེ་ལ་ཅུང་ཟད་རྩུབ།། སྡོང་པོ་སྦུབས་ཅན་ཚིགས་པ་ཅན།། རང་གི་ནུས་པས་བད་ཀན་དང་།། འདུས་པའི་ནད་རྣམས་སྐྱུགས་བཤལ་བྱེད།། ཅེས་དབྱིབས་ཧ་ལམ་ལོ་སྡོང་སྐྱེ་ལུགས་ལྕུམ་འདྲ་ལ་ཁ་དོག་ལྗང་གུ་འགའ་རེར་དམར་ཤས་ཆེ་བ། ཚིགས་ཐག་ལྕུམ་སྡོང་ལས་ཐུང་བ། ལོ་མའི་རྐང་དང་སྡོང་པོ་གཉིས་ཀ་ཁོང་སྟོང་ལ། ས་གཞི་ནས་རྩེ་མོ་བྱིང་ཆེ་བ། དགུ་འམ་ལྔར་གྱེས་པ་ཆེ་བ། ལྕུམ་ལོ་ཙམ་ནས་ཆུང་བ། ལྕམ་པའི་ལོ་མ་ཙམ་པར་ཅི་རིགས་སྐྱེ་བ། མེ་ཏོག་དཀར་པོ་རྩེ་མོར་ག་བུ་ཟ་རམ་བརྩེགས་ཚེར་མས་གང་བར་སྐྱེ་བ། གང་བུ་རུས་སྦལ་སུམ་སྒྲོམ་ཁ་སྤྲོད་ཀྱི་རྣམ་པར་ཡོད་པའི་ནང་དུ་འབྲས་བུ་ནག་ཆུང་ཤིན་ཏུ་འཇམ་པ་བྱུང་ན་དེ་ལ་ཛ་ཡི་ཕ་ལ་ཞེས་མཆོག།
         རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། དན་རོག་འབྲས་བུ་དབྱིབས་རུས་སྦལ་འདྲ་བ་སྦལ་མ་ཞེས་གྲགས་པ་དེ་ནི་རྒྱ་ཡུལ་དུ་ལོ་མས་དར་གྱི་འབུ་གསོ་བའི་ཤིང་དར་ཤིང་ཟེར་བ་དེའི་འབྲས་བུ་སྟེ་དནྡ་དཀྱུས་མ་དང་མིང་གཅིག།
         མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། དན་རོག་སྤུ་རུ་སྐེ་བཅད་འདྲ།།
         སྨན་མིང་རྒྱ་མཚོ་ལས། དན་རོག་སྦྱོང་བྱེད་གསོད་བྱེད་མཆོག།
         རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། དན་རོག་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།། བད་ཀན་ནད་རྣམས་སྦྱོང་བར་བྱེད་པའི་མཆོག།
         སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དན་རོག་ནི། དྲོད་ཆེ་སར་སྐྱེ་བ་རྩ་བ་སྦོམ་རིང་སྡོང་པོ་སོགས་ལྕུམ་དང་ཅུང་ཟད་འདྲ་ལ་དེ་ལས་ཚིགས་ཀྱི་བར་ཐག་ཉེ་ཞིང་། མང་ལྗང་ཁུ་དང་རེ་གཉིས་དམར་ཤས་ཅན་སྡོང་པོ་དང་ལོ་མའི་རྐང་ནང་ཁོང་སྟོང་ལོ་མ་གཞི་གཅིག་ནས་རྩེ་མོ་དགུ་དང་ལྔ་སོགས་སུ་གྱེས་ལྕུམ་ལོ་ནས་ལྕམ་ལོའི་བར་ཙམ་ཆེ་ཆུང་ངེས་མེད། རྩེ་མོར་ཐའུ་ཟ་རམ་བརྩེགས་ཚེར་མས་གང་བར་སྐྱེ་བ། མེ་ཏོག་དཀར་པོ་གང་བུ་རུས་སྦལ་གསུམ་སྒྲོམ་ཁ་སྤྲོད་ལྟ་བུའི་ནང་འབྲུ་ནག་པོ་ཆུང་ཞིང་འཇམ་པ་བྱུང་ན་ཛ་ཡི་ཕ་ལ་ཞེས་མཆོག་དང་། སྲིབ་ས་ནགས་སུ་འཁྱིལ་ཞིང་སྐྱེ་བ་ལོ་མ་རྩུབ་ལ་གང་བུ་གོང་མཚུངས་ཀྱི་ནང་གི་འབྲུ་སྦུར་བ་སྐེ་བཅད་ལྟ་བུ་ཁྲ་བོ་བྱུང་ན་དན་ཁྲ་ཞེས་འབྲིང་དང་། དམན་པ་འབྲུ་རུས་སྦལ་གྱི་རྒྱབ་འདྲ་ནག་པོ་སྟེ་གསུམ་ཡོད།
         མཛེས་མཚར་མིག་རྒྱན་ལས། དན་རོག་ནི། རིགས་གསུམ་སྟེ། དན་ད་རོག་པོར་ཨེ་རནྟ། ཛ་ཡི་ཕ་ལ་ཟེར། དྲོད་ཆེ་སར་སྐྱེ། རྐང་སྦོམ་དབྱིབས་ལྕུམ་རྩ་འདྲ་ལ་ཚིགས་པར་ཐག་ཉེ་ཁོང་སྟོང་། ལོ་མ་གཅིག་ནས་རྩེ་དགུ་གྱེས་པ་ལྕམ་ལོ་ལྟར་ཆེ་བ། རྩེ་མོར་ཐེའུ་ཟེར་མ་བརྩེགས་ཤིང་ཚེར་མས་གང་བ། མེ་ཏོག་དཀར་ཆུང་གང་བུ་རུས་སྦལ་གསུམ་སྒྲོམ་ཁ་སྤྲོད་ལྟ་བུའི་འབྲུ་ཉུང་ནག་པོ་ཤིན་ཏུ་འཇམ་པ་མཆོག དན་ཁྲ་ནི་དན་ད་ཁྲ་བོ་སྟེ། སྲིབས་ནགས་སུ་འཁྲིལ་ཞིང་སྐྱེ་བ་ལོ་མ་རྩུབ་ལ་དབྱིབས་གོང་དང་མཚུངས། འབྲུ་སྦུར་བུ་སྐེ་བཅད་པ་ལྟ་བུ་ཁྲ་བོ་འབྲིང་། རུས་སྦལ་བ་ནི་མོན་སྐྱེས་སྔ་མ་ལས་ཆེ་རྩུབ་པ་སྦལ་དབྱིབས་སམ་སྦལ་བའི་རྒྱབ་ལྟར་ནག་པོ་ཕལ་བ། ཕྱི་རྒྱུད་ལས། དན་ད་རོག་པོ་ལྕེ་གདོན་ཕྱེ་ལ་འདུལ།། ཞེས་པ་ལྟར་དེའི་དུག་མར་དུ་ལེན་པ་དགོས་ཤིང་། རོ་སྐོར་ལས། དན་ད་སྙོམས་ལ་རྣོ་བ་ཡིན།། ཞེས་པས་ནད་ཀུན་དྲག་པོར་སྦྱོང་བའམ་ཚ་བར་གནོད།

གོང་ངོས། ད་ཏྲིག
X