>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

མཁལ་མ་ཞོ་ཤ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:15:01 ཀློག་གྲངས། 61

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཁལ་མ་ཞོ་ཤས་མཁལ་ཚད་སེལ།། ཞེས་པར། རོ་སྐོར་ལས། མཁལ་ཞོ་ཤ་ཡང་དྲོ་ལ་སྙོམས།། གསུངས། རང་བྱུང་བས། མཁལ་མ་ཞོ་ཤ་རིགས་གསུམ་དང་།། ཨ་འབྲས་འཇམ་འབྲས་སྲ་འབྲས་གསུམ།། མཁལ་ནད་གྲང་ནད་ཀུན་ལ་ཕན།། གསུངས། མིང་། ཤ་ལུངྒ། ཤ་ལུ་ན། སྙུ་ག་ཕ་ལ་ཟེར། འཁྲུངས་དཔེར། མཁལ་མ་ཞོ་ཤ་ཞེས་བྱ་བ།། ཤིང་སྡོང་ཕྲ་ལ་ལོ་མ་འཇམ།། མེ་ཏོག་མཐིང་ནག་མཛེས་པ་ལ།། གང་བུ་སེར་པོའི་ནང་དག་ནས།། འབྲས་བུ་མདོག་ནག་མཁལ་མ་འདྲ།། རོ་ནི་མངར་ལ་སྣུམ་པ་ཡིན།། རང་གི་ནུས་པས་མཁལ་ནད་སེལ།། ཞེས་པ་ལ་རིགས་དཀར་དམར་ནག་གསུམ་ཡང་རིམ་པས་གོང་མ་བཟང་། འདྲ་ཡིག་ལས། མཁལ་མ་ཞོ་ཤ་མཁལ་མ་འདྲ།། ཞེས་སོ།།
         གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། མཁལ་མ་ཞོ་ཤ་ཞེས་བྱ་བ།། ཤིང་སྡོང་ཕྲ་ལ་ལོ་མ་འཛིན།། མེ་ཏོག་མཐིང་ག་མཛེས་པ་ལ།། གང་བུ་སེར་པོའི་ནང་དག་ནི།། འབྲས་བུ་མདོག་ནག་མཁལ་མ་འདྲ།། རོ་ནི་མངར་ལ་སྣུམ་པ་ཡིན།། རང་གི་ནུས་པས་མཁལ་ནད་སེལ།།
         རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། མཁལ་མ་ཞོ་ཤ་ལ་དཀར་ནག་གཉིས་ཡོད་ཀྱང་དཀར་པོ་སྣུམ་ལ་མཁྲེགས་པ་བཟང་།
         མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། མཁལ་མ་ཞོ་ཤ་མཁལ་མ་འདྲ།།
         སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། མཁལ་མ་ཞོ་ཤ་རོ་ནི་ཚ་མངར་སྣུམ།། ཞུ་བའི་རྗེས་བསིལ་མཁལ་མའི་ཚད་པ་སེལ།།
         སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མཁལ་མ་ཞོ་ཤ་ནི། སྡོང་པོ་ཕྲ་ལ་ལོ་མ་འཇམ་པ་བྲ་བོའི་ལོ་མ་ལྟ་བུ་མེ་ཏོག་མཐིང་ག་གང་བུ་སེར་པོའི་ནང་གི་འབྲུ་མཁལ་མ་འདྲ་བ་རོ་མངར་བ་སྟེ་དེ་ལ་དཀར་ནག་སེར་པོ་མཆོག་འབྲིང་དམན་པ་གསུམ་ཡོད་ལ། དེ་རྣམས་ཀྱིས་མཁལ་ཚད་སེལ།
         མཛེས་མཚར་མིག་རྒྱན་ལས། མཁལ་མ་ཞོ་ཤ་ནི། ཤིང་སྡོང་ཕྲ་ལ་ལོ་མ་འཇམ་བྲ་བོའི་ལོ་མ་ལྟ་བུ། མེ་ཏོག་མཐིང་ནག་མཛེས་པའི་གང་བུ་སེར་པོར་འབྲས་བུ་མཁལ་མ་འདྲ་བ་རོ་མངར་ལ་སྣུམ། དེར་དཀར་དམར་ནག་སེར་ཁྲ་རིམ་པས་བཟང་ངན་ཡིན། རོ་སྐོར་ལས། མཁལ་ཞོ་ཤ་ཡང་དྲོ་ལ་སྙོམས།། ཞེས་པས་མཁལ་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X