>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

ཤུ་དག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 10:16:00 ཀློག་གྲངས། 66

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཤུ་དག་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ།། ཞེས་པར། ལྕགས་ཕྲེང་ལས། ཤུ་དག་ཚ་ལ་རྣོ་བས་སྙིང་གི་དྲན་པ་སྐྱེད།། རུལ་གཅོད་འཁྲུ་དང་ཆུ་སེར་འདྲེན་པར་བྱེད།། ཅེས་དང་། གདམས་པ་སུམ་ཅུར་དག་དྲོ་ཞིང་སྐམ་ལ་སྙོམས་པར་བྱེད།། ཁ་ཟས་འཇུ་ཞིང་རླུང་འཇོམས་ཕོ་དྲོད་སྐྱེད།། དང་། རང་བྱུང་པས། ནག་པོས་གཉན་ཚད་གྱེན་དུ་འདྲེན།། ཞེས་སོ།། སྤྱི་མིང་། བ་ཙི། ཤུ་དག ཨ་གྲ་གནྡྷ། རིའི་རྩེ་མོ། མདུད་པ་དྲུག་པ། ག་མོ་ལི། ས་ཡི་སྤུ། ཤ་ཏ་སརྦ་ཀ ཚིགས་བརྒྱ་པ། ཞེས་པ་ལ་རིགས་བཞི། ནག་པོ་དང་། དཀར་པོ། དམན་པ་གཉིས་སོ།། ནག་པོ་ལ་མིང་།ཡོངས་སུ་མདུད་པ། ཧེ་མ་ཝ་ཏི། གངས་ལྡན། ཡུལ་སྐད་དུ། བཙྪ་ཟེར། གབ་དུ། ནག་པོ་ཁྲོ་གཉེར། དྲི་ངར་ལྡན་པ། ཚིགས་པ་ཅན། ཧེ་རུ་ཀ་ཟེར། འཁྲུངས་དཔེར། ཤུ་དག་ཆུ་ཡི་ནང་དུ་སྐྱེ།། ལོ་མ་འབྲས་ཀྱི་ལྗང་པ་འདྲ།། རྩ་བ་ཆུ་དག་གཉེར་མ་ཅན།། རོ་ནི་ཚ་ལ་རྩུབ་པ་ཡིན།། ཞེས་སོ།། ཤུ་དག་ཚོན་གང་ལ་གཉེར་མ་དགུ་ཡོད་པ་ལ་ཤུ་དག་ཀུ་བེ་ར་ཞེས་མཆོག་སྟེ་སྲུང་བ་ལ་བཟང་བར་བཤད། ཤུ་དག་དཀར་པོ་ནི། མིང་། ཤུཀླཱ། དཀར་པོ། ཛ་ཡ། རྒྱལ་བ། ཨ་པ་ར་ཛི་ཏ་ཟེར། རང་བྱུང་པས། ཤུ་དག་དཀར་པོས་ཤ་ཆེར་སྐྱེད།། གསུངས། འདི་ལ་མཆོག་དམན་གཉིས། མཆོག་ནི་སྟོད་ནས་འབྱུང་བའི་བཅད་མཚམས་དཀར་ལ་དྲི་ཞིམ་པ། རོ་མངར་ཁ་དབྱིབས་གཉེར་མ་སོགས་སྔ་མ་འདྲ་བ་ལས་མཁྲེགས་ཤིང་དངས་པ་ཚིགས་མཚམས་ལ་སྔོ་མདངས་ཅུང་ཟད་ཡོད་པ། བཅག་འཕྲོ་དཀར་ལ་བཞུན་པ་འདི་བཅུད་ལེན་དང་བློ་འཕེལ་རྫས་བུམ་རྫས་ལ་དགོས། ནག་པོ་དུག་ཅན་ཡིན་པས་སྐབས་འདིར་མིང་རུང་། འདིས་གྱུར་དུག་ལ་ཕན། དམན་པ་གཉིས་ནི། རྒྱ་ནག་སོགས་སྐམ་པའི་རི་ཐང་ལས་སྐྱེ་བ་ལོ་མ་རུག་པ་འདྲ་བ་རྩ་བ་དཀར་ལ་གཉེར་མ་སོགས་གོང་ལྟར་དང་། ཡང་གཅིག་ལྡུམ་རར་འཛུགས་པའི་སྭོ་ལུ་ལྗང་པར་གྲགས་པ་ལོ་མ་སོགས་སྔ་མ་འདྲ། དེ་དག་མ་རྙེད་ན་ཤོ་ཟུར་དཀར་པོས་ཚབ་རུང་ལ་ནུས་པ་མཐུན་ཡང་ཟེར།
     འཇམ་དཔལ་གྱི་སྔོ་འབུམ་ཆེན་མོ་ལས། ཤུ་དག་ཆུ་ཡི་ནང་དུ་སྐྱེ།། ལོ་མ་སྣད་མས་མར་དང་རིལ་བུ་བྱས།། ཡང་ན་ཆུ་ལ་བསྐོལ་བའམ།། སྦང་མ་ཁུ་བ་བཏབ་ན་ཕན།། མཆོག་ཏུ་གློ་བའི་ནད་ལ་ཕན།། མངལ་དུག་ཕོག་གམ་ཤ་མ་ཐོགས།། དེ་ཡི་རྩ་བ་སྲང་གཉིས་ཙམ།། ཆུ་ཕུལ་དོ་ལ་བཞི་ཆས་འགྱུར།། ཤ་མ་ཐོན་ན་མར་ན་བདུག། ཡང་ན་ཕྱེ་མ་ཕོ་ཚུམ་དོ།། ཆུ་ལ་ཐུན་གཉིས་ཐུན་གསུམ་གཏོང་།།
     གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ཤུ་དག་ཆུ་ཡི་ནང་དུ་སྐྱེ།། ལོ་མ་སྣད་མས་མར་དང་རིལ་བུ་བྱས།། ཡང་ན་ཆུ་ལ་བསྐོལ་བའམ།། སྦང་མ་ཁུ་བ་བཏབ་ན་ཕན།། མཆོག་ཏུ་གློ་བའི་ནད་ལ་ཕན།། མངལ་དུག་ཕོག་གམ་ཤ་མ་ཐོགས།། དེ་ཡི་རྩ་བ་སྲང་གཉིས་ཙམ།། ཆུ་ཕུལ་དོ་ལ་བཞི་ཆས་འགྱུར།། ཤ་མ་ཐོན་ན་མར་ན་བདུག། ཡང་ན་ཕྱེ་མ་ཕོ་ཚུམ་དོ།། ཆུ་ལ་ཐུན་གཉིས་ཐུན་གསུམ་གཏོང་།།
     འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། ཤུ་དག་ནག་པོ་ཞེས་བྱ་བ།། ལོ་མ་ས་ལུ་ལྗང་བ་ཡིན།། རྩ་བ་གཉེར་མ་དྲི་དང་བཅས།། རང་གི་ནུས་པས་གཉན་ནད་འཇོམས།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཤུ་དག་ནི་དཀར་ནག་གཉིས། དཀར་པོ་ལའང་མཆོག་དམན་གཉིས་ཏེ་མཆོག་ནི་སྟོད་ནས་འབྱུང་བ་སྟེ། བཅད་མཚམས་དཀར་ལ་བཞུན་པ་དྲི་བསུང་ཤིན་ཏུ་ཞིམ་པ་རོ་མངར་ཁའི་གདངས་ཅན་བུམ་སྨན། ཀླུ་སྨན། བློ་འཕེལ་སྐབས་སུ་བཟང་བའོ།། དམན་པ་ནི། སྭོ་ལུ་ལྗང་བ་ཞེས་ལྡུམ་རར་སྐྱེ་བའི་རྩ་བ་སྟེ། མ་རྙེད་ན་ཤོ་ཟུར་དཀར་པོ་དང་ནུས་པ་གཅིག་པས་ཚབ་རུང་ངོ་།། ནག་པོ་ནི་ཁྲོ་གཉེར་དང་དྲི་མ་ལྡན་པ་སྟེ་ཧེ་རུ་ཀ་ཞེས་བྱ་ལ་མི་རྒན་གྱི་སོར་ཚིགས་འདྲ་བ་ལས་འདིར་ནག་པོ།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཤུ་དག་སོར་མོ་སྐམ་པོ་འདྲ།།
     སྨན་མིང་རྒྱ་མཚོ་ལས། ཤུ་དག་དཀར་པོས་ཤ་ཆེར་བསྐྱེད།། ནག་པོས་གཉན་ཚད་གྱེན་དུ་འདྲེན།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཤུ་དག་རོ་ཚ་ཁ་ལ་ཞུ་རྗེས་དྲོད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཤུ་དག་ནི། འདིར་ནག་པོ་དགོས་ལ། དེ་ཡང་ཆུ་ནང་དུ་སྐྱེ་བ་ལོ་མ་སྭོ་ལུ་འབྲས་ལྗང་འདྲ་ལ་རྩ་བ་རྒན་པོའི་སོར་ཚིགས་འདྲ་ལ་དྲི་དུགས་ཆེ་ཞིང་རོ་ཚ་རྩབ་མདོག་ནག་ངམ་ཅན་ཏེ། དེས་མ་ཞུ་བ་སེལ་ལ་དྲོད་བསྐྱེད་ཅིང་གག་ལྷོག་སོགས་གཉན་ནད་ཀུན་དང་གདོན་རིགས་ཆུ་སེར་སེལ་ལ། དཀར་པོ་དྲི་ཞིམ་ལ་རོ་མངར་ཉམས་ཅན་དེ་ཀླུ་སྨན་བུམ་སྨན་བློ་འཕེལ་གྱི་རྫས་སོགས་ལ་འགྲོ་ལ་དེ་གྱུར་དུག་ལ་ཕན། དེ་དག་མ་རྙེད་ན་སྭོ་ལུ་ལྗང་བས་ཀྱང་ཚབ་རུང་ཟེར།
སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། བ་ཙཱ། ཤུ་དག འདི་ལ་ཤུ་དག་ནག་པོ་ནི་རོང་མཚམས་ཐམས་ཅད་དུ་སྐྱེ་བས་ནོར་འཁྲུལ་མེད། བཅག་མཚམས་དམར་ཞད་ཡོད་པ་ལ་ཤུ་དག་དམར་པོའང་ཟེར། དཀར་པོ་ནི། དབྱིབས་ནག་པོ་འདྲ་བ་ལ་ཚིགས་མཚམས་དམར་ཞད་ཡོད་པ། བཅག་མཚམས་དཀར་ཞིང་དྲི་བཟང་བ་དེ་ཉིད་ཡིན་ལ། ས་ལེ་ལྗང་པའི་རྩ་བ་ལ་བྱེད་པ་ནི་ནོར་བ་ཁོ་ནའོ།། ཡང་། ཤུ་དག་ནག་པོ་ལ་མེ་ཏོག་མེད། སྙེ་མ་ནག་པོ་པི་ལིང་འདྲ་བ་ཞིག་ཡོད། དཀར་པོ་ལ་མེ་ཏོག་སྔོ་སྐྱ་ཡོད། གཉིས་ཀའི་ལོ་མ་རལ་གྲི་སོ་གཉིས་མ་འདྲའོ།། དཀར་པོ་ལ་མིང་། ཧེ་མ་བ་ཏི། གངས་ལྡན་སྐྱེས། ཛ་ཡཿརྒྱལ་བྱེད་སོགས།
     སྔོའི་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ་ལས། རྩེ་མོ་འབྲས་ལྗང་འདྲ་བ་རྩ་བ་ཤུ་དག་ནག་པོ་མཆོག སྭོ་ལུ་ལྗང་པའམ་རྩ་བ་ཤུ་དག་དཀར་པོ་དམན་པ།
མཛེས་མཚར་མིག་རྒྱན་ལས། ཤུ་དག་ནི། ཚིགས་བརྒྱ། སོར་མོའི་ཚིགས་ཟེར། ཤུ་དག་དཀར་པོ་ནི། གཞན་གྱིས་མི་ཐུབ་པ་ཞེས་པ། སྟོད་ནས་འབྱུང་བའི་བཅད་མཚམས་དཀར་དང་དྲི་ཞིམ་རོ་མངར་བ་ཁ་དབྱིབས་གཉེར་མ་སྔ་མ་འདྲ་ལས་མཁྲེགས་ཤིང་དྭངས་པ་ཅུང་ཟད་སྔོ་བར་བཅག་འཕྲོ་དཀར་བ་ཞུན་པ་མཆོག རྒྱ་ནག་སོགས་སྐམ་པའི་རི་ཐང་དུ་སྐྱེས་པ་ལོ་མ་རུག་པ་ལྟ་བུའི་རྩ་བ་དཀར་པོ་གཉེར་མ་སོགས་གོང་དང་འདྲ་བ་དམན་པ་རྣམས་ཀླུ་སྨན་དུ་དགོས།

གོང་ངོས། ཡིག་ཆ་མི་འདུག
X