>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

མ་ནུ་པ་ཏྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 9:44:15 ཀློག་གྲངས། 15

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ།། ཞེས་པར། ལྕགས་ཕྲེང་ལས། མ་ནུ་དྲོ་ལ་ནུས་པ་ཆེ་བས་བད་ཀན་གྲང་བ་སེལ།། ཞེས་དང་། ཏེ་རྫོ་ཛྭ་ལས། མ་ནུ་དྲོ་སྐམ་རླུང་འཇོམས་ཕོ་དྲོད་སྐྱེད།། ཟས་འཇུ་ཡི་གར་འོང་དང་གཟེར་བ་འཇོམས།། ཞེས་དང་། རང་བྱུང་པས། པ་ཏྲས་བད་ཚད་འཇོམས་པར་བྱེད།། ཅེས་གསུངས། འདི་ལ་རིགས་མང་སྟེ། དྲི་ཚིག་དངུལ་དཀར་མེ་ལོང་ལས།མ་ནུ་ཞེས་པ་སྤྱི་མིང་ཡིན་ཅིང་། སོ་སོར་རིགས་ཕྱེ་ན། མ་ནུ་པ་ཏྲ་དང་། མ་ནུ་པུཥྲྀར་དང་། མ་ནུ་རུ་རྟ་དང་། མ་ནུ་རྟ་སྐམ་དང་། མ་ནུ་ཤུ་ཟུར་དང་། མ་ནུ་ཁྲག་ཅན་དང་། མ་ནུ་གསེར་ཤིང་དང་། མ་ནུ་ལྕགས་ཐག་ཅེས་པ་རྣམས་གསོ་དཔྱད་ཀྱི་གཞུང་མང་པོ་དག་ལས་བཤད་ལ། རྒྱ་ནག་གི་ལུགས་ཀྱི་མ་ནུའི་སྦྱོར་སྡེའི་བསྟན་བཅོས་ལས་ནི་བྱ་འཕུར་སླེབ་ཀྱང་མ་ནུའི་རིགས་སུ་བཤད་པ་སྣང་། ཞེས་གསུངས། འདི་ནི་མཁས་པའི་བཤད་རྒྱང་གིས་ཕ་རོལ་གཏིང་དཔོག་ཕྱིར་མ་ནུའི་མིང་ཐོག་ཚད་དྲངས་ནས་དྲི་ཡུལ་མིང་ལ་འཁྲུལ་ལམ་མ་འཁྲུལ་བརྟག་པའི་ཆེད་དུ་གསུངས་པ་ཡིན། དོན་ལ་དེ་དག་རིགས་ཕལ་ཆེར་མི་གཅིག། རྒྱ་གར་སྐད་དུ་མ་ནུ་ཟེར་བ། བོད་ལ་ཡིད་འོང་དང་། ཤེད་ཆེན་དང་། ཤེད་ལས་སྐྱེས་དང་། ཤེད་ཀྱི་བུ་དང་། མི་རྣམས་ལ་འཇུག་པས། སྨན་གྱི་ཁྱད་ཆོས་ལ་བསྔགས་པའི་མིང་ཡིན་པས། ལོ་མ་མེ་ཏོག་དྲི་མ་སོགས་ཡིད་ལ་འོང་བ་དང་། ནུས་པ་ཤེད་ཆེ་བ་དང་། སྐྱེ་སྟོབས་ཤེད་ཆེ་བ་རྣམས་ལ་གདགས་སུ་འོས་པའི་མིང་ཡིན་པས་རིགས་ལ་མ་ངེས། བཤད་བྱ་དངོས་ནི་མ་ནུ་པ་ཏྲ། ཞེས་པའི་པ་ཏྲ་ནི། ལོ་འདབ་དང་གོས་ལ་འཇུག་པས། སྐབས་འདིར་ཡིད་འོང་འདབ་མ་ཅན། ངོ་བོ་ནི། བདུད་རྩི་རྫིང་བུར། མ་ནུ་པ་ཏྲ་ཞེས་བྱ་བ།། ལྷོ་བལ་རིག་པའི་འབྱུང་གནས་དང་།། བསོད་ནམས་ལྡན་པའི་ལྡུམ་རར་སྐྱེ།། རྩ་བ་དུང་གི་ཆོ་ལོ་འདྲ།། ལོ་མ་གཡུ་ལོ་གྱེན་དུ་འབར།། རྒྱབ་ལ་དངུལ་གྱི་བ་སྤུ་ཆགས།། མེ་ཏོག་སེར་འོད་མདངས་དང་ལྡན།། དྲི་ཞིམ་སྤོས་ངད་རྒྱུན་མི་འཆད།། རོ་ནི་མངར་ཁ་ཞུ་རྗེས་མངར་སྐྱུར་ལྡན་པར་ཞུ།། རང་གི་ནུས་པས་རླུང་ཁྲག་དང་།། བད་ཀན་ཚ་བ་སེལ་བྱེད་ཅིང་།། ཕོ་བའི་ལྷེན་དང་བད་མཁྲིས་འཇོམས།། ཞེས་དང་། སྨན་གྱི་བྱིངས་ལས། མ་ནུ་པ་ཏྲ་ནི་མངར་བའི་ཁ་བ་ཚ་བའོ།། ཞེས་དང་། གཏེར་མཛོད་ལས། མ་ནུ་པ་ཏྲ་མངར་ཞིང་ཁ།། ཚ་བའི་རོ་དང་ལྡན་པ་ལས།། ཞུ་རྗེས་མངར་ཞིང་སྐྱུར་བར་ཞུ།། རླུང་ཁྲག་ཚ་བ་བད་ཀན་སེལ།། སྣུམ་བསིལ་རྣོ་དྲོ་ལྡན་པ་ཡིས།། ནུས་པའི་ཁྱད་པར་ལྡན་པ་ཡིན།། ཞེས་གསུངས། ད་ལྟ་ཡུལ་ཕལ་མོ་ཆེའི་ལྡུམ་རར་རྩ་བ་འཛུགས་པའི་མ་ནུ་འདིའོ།། ཕལ་ཆེར་པ་ཏྲ་ཞེས་པ་ལོ་མ་ཡིན་པས་ལོ་མ་གཏོང་དགོས་གསུངས་པ་སྒྲ་ཡིན་ཡང་དོན་མིན་པས་རྩ་བ་དགོས།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། མ་ནུ་པ་ཏྲ་རོ་བསྐ་ཞུ་རྗེས་བསིལ།། ནུས་པས་རིམས་དང་ཚད་པ་སེལ་བ་ཡིན།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། མ་ནུ་པ་ཏྲ་མངར་ཁ་ཚ་བའི་རོ།། ཞུ་རྗེས་མངར་སྐྱུར་སྙོམས་པས་རླུང་ཁྲག་དང་།། བད་ཀན་ཚ་བ་ལྷེན་དང་བད་མཁྲིས་སེལ།།
སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མ་ནུ་པ་ཏྲ་ནི། ལྡུམ་ར་སོགས་སུ་སྐྱེ་བའི་རྐང་སྦུབས་གསོབ་ལ་ལོ་མ་ལྗང་སེར་གྱེན་འབར་གྱི་རྒྱབ་སྤུ་ཅན་མེ་ཏོག་སེར་པོ་མདངས་ལྡན་དྲི་ཞིམ་ཅན་གྱི་རྩ་བ་དཀར་པོ་རོ་ཁ་ཚ་ཞུ་རྗེས་མངར་སྐྱུར་ལྡན་པ་སྟེ། དེས་རླུང་དང་ཁྲག་ཚ་བ་སེལ།
     མཛེས་མཚར་མིག་རྒྱན་ལས། མ་ནུ་པ་ཏྲ་ནི། རྒྱ་སྐད་དེ་བོད་དུ་ཡིད་འོང་བཟང་པོ་དང་མེ་ཏོག་སྣ་ཚོགས་བཅུད་ཟེར། ལྡུམ་རར་རྩ་བ་འཛུགས་པ་ལས་སྐྱེས། རྐང་པ་སྦུབས་གསོབ་ལོ་མ་ལྗང་སེར་གྱེན་དུ་འབར་གྱི་རྒྱབ་སྤུ་ཅན། མེ་ཏོག་སེར་པོ་མདངས་ལྡན་པ་དྲི་ཞིམ་པའི་རྩ་བ་དཀར་པོ་སྟེ། ད་ལྟ་རྒྱ་ནག་སྐད་དུ་ཤོའུ་ཡའུ་ཞེས་པ་མེ་ཏོག་ཆེན་པོ་དཀར་དམར་གཉིས་སུ་འདོད་པ་ཧ་ཅང་འཁྲུལ་ལོ།། བདུད་རྩི་རྫིང་བུར། རོ་ནི་མངར་ཁ་ཚ་བ་ལ།། ཞུ་རྗེས་མངར་སྐྱུར་ལྡན་པར་ཞུ།། ཞེས་དང་། ཏེ་ཇོ་ཛྭ་ལས། མ་ནུ་དྲོ་སྐམ་རླུང་འཇོམས་ཕོ་དྲོད་སྐྱེད།། ཟས་འཇུ་ཡི་གར་འོང་དང་གཟེར་བ་འཇོམས།། ཞེས་པས་རླུང་ཁྲག་ཚ་བ་སེལ།

གོང་ངོས། ཡིག་ཆ་མི་འདུག
X