>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

བ་ཤ་ཀ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-05 8:52:28 ཀློག་གྲངས། 47

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བ་ཤ་ཀ་ཡིས་ཁྲག་ཚད་རོལ་དུ་གསོད།། ཅེས་པར། རང་བྱུང་པས། བ་ཤ་ཀ་ཡིས་ཁྲག་ནད་སེལ།། ཞེས་གསུངས། མིང་ནི། བ་ཤ་ཀ ཆོས། བྲྀཥཱུ། བྱི་བ། བྲྀ་ཎྜྷ། རོ་ཙ་བ། མ་ཏ་པརྞ། པི་ཀ་ཤ་ཡ། བ་ཏ་བ་ཤ་ཟེར། གབ་ཏུ། ཁྲག་སྐེམ། ཁྲག་འཐུང་ཟེར། འཁྲུངས་དཔེར། བ་ཤ་ཀ་ཞེས་བྱ་བའི་ཤིང་།། སྡོང་པོ་ཆེ་ལ་ལོ་མ་མཐུག། མེ་ཏོག་དཀར་སེར་མདངས་དང་ལྡན།། རོ་ནི་ཁ་ལ་ནུས་པ་བསིལ།། རང་གི་ནུས་པས་གཟེར་རིགས་ཐུབ།། མདོར་ན་མཆིན་ཚད་ཁྲག་མཁྲིས་སེལ།། ཞེས་བཞིན་ལོ་སྡོང་ཆེ་བ་སྟར་གསར་འདྲ་བའི་རྐང་ཁོང་གསོབ་པ། གེལ་མཚམས་བྱའི་སུག་པ་ལྟར་ཚིགས་ཀྱི་རྣམ་པ་ཅན། མེ་ཏོག་དཀར་སེར་འཆར་བ་སྟེ་རྩེ་མོས་ཚོད་མ་བྱེད་པ་ཡིན། དཀར་དམར་སྔོ་བ་རིགས་གསུམ་ཡོད་པ་མཆོག། དམན་པ་ནི་བོད་དུ་སྐྱེ་བ་ལོ་མ་རྐང་སོགས་བྱི་རུག་སེར་པོ་འདྲ་ཞིང་མེ་ཏོག་སེར་པོ་དང་སྔོན་པོ་འཆར་བར་ཡང་མཆོག་དམན་གྱི་ཁྱད་པར་ཆེ་བ་ཡིན། དེ་དག་མི་སྐྱེ་སར་སྔོ་ལྡུམ་གཡུ་སྡོང་གསེར་མགོས་ཚབ་རུང་ཙམ་སྟེ། རང་བྱུང་རྡོ་རྗེས། གཡུ་སྡོང་གསེར་མགོས་གདོན་ཚད་སེལ།། ཞེས་པ་ནི་ལོ་མ་དང་མེ་ཏོག་གི་དབྱིབས་སྟོང་རི་ཟིལ་པ་འདྲ་རུང་། མེ་ཏོག་སེར་པོ་སྡོང་བུ་གྲུ་བཞི་རིང་ལ་རོ་ཁ་བ། ལོ་སྡོང་བཅད་འཕྲོ་ཁྲག་དྲོན་ནང་དུ་བཅུག་པས་འཐུང་ལ་རྩེར་འདྲེན་ནུས་པ། གཞན་འཁྲུངས་དཔེ་དང་རོ་ནུས་གང་ལའང་མི་དཔྱད་པར། ལྡུམ་དོམ་མཁྲིས་པ་དང་། བྲག་སྐྱེས་ཡུ་མོ་ཟ་དང་། ལྡུམ་བུ་འབྲས་སྙེ་མ་ཞེས་སྡོང་པོ་རིང་ལ་ལོ་མ་ར་མཉེ་འདྲ་བ་མགོ་ལ་སྙེ་མ་ཡོད་པ་ལ་བྱེད་པ་དང་།བོད་སྣེ་ལ་བྱེད་པ་རྣམས་ནི་ལོག་ཆོས་འབའ་ཞིག་ཡིན་ཞེས་ནམ་མཁའི་མཚན་ཅན་གསུངས་སོ།།
     གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། བ་ཤ་ཀ་ཞེས་བྱ་བའི་ཤིང་།། ལྷོ་རོང་ཤིང་གི་ནགས་ན་སྐྱེས།། སྡོང་པོ་ཆེ་ལ་ལོ་མ་འཐུག། མེ་ཏོག་བྱ་ཡི་མཆུ་དང་འདྲ།། རོ་ནི་ཁ་ལ་ནུས་པ་བསིལ།། རང་གི་ནུས་པས་གཟེར་རིམས་དུག། མདོར་ན་ཚད་ནད་ཁྲག་མཁྲིས་སེལ།། བ་ཤ་ཀ་ཡི་ཆིག་ཐང་གིས།། དེ་དག་ཐམས་ཅད་སེལ་འགྱུར་ན།། སྦྱོར་སྡེ་གཞན་ལ་སྨོས་ཅི་དགོས།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། བ་ཤ་ཀ་ནི་ཤིང་འདབ་ཚོད་མ་རུང་ཞིང་ཤིན་ཏུ་རོ་ཁ་བ་ལྷོ་མོན་གྱི་ཡུལ་ནས་འབྱུང་བ་སྟེ། མིང་ནི། མ་ཏ་པར་ནི། པི་ཀ་ཤ་ཡ། ཁྲག་སྐེམས་གཙོ་བོ་ཞེས་སོགས།
     སྨན་མིང་རྒྱ་མཚོ་ལས། བ་ཤ་ཀ་ཡིས་ཁྲག་ནད་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། བ་ཤ་ཀ་ནི་རོ་ཁ་ཞུ་རྗེས་བསིལ།། ནུས་པས་ཁྲག་ཚད་ཐམས་ཅད་འཇོམས་པའི་མཆོག།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བ་ཤ་ཀ་ནི། རོང་གི་ནགས་སུ་སྐྱེ་བ་ལོ་སྡོང་ཆེ་ལ་སྟར་གསར་འདྲ་བ་ལོ་མ་མཐུག་ལ་རྐང་ཁོང་གསོབ་ཅིང་མགལ་མཚམས་བྱའི་སུག་པ་ལྟར་ཚིགས་ཀྱི་རྣམ་པ་ཅན་མེ་ཏོག་དཀར་སེར་འཆར་བའི་རྩེ་མོ་ཚོད་མ་བྱེད་རུང་ཞིང་རོ་ཁ་བ་དཀར་དམར་སྔོ་བ་རིགས་གསུམ་མཆོག་དང་། བོད་སོགས་སུ་སྐྱེ་བ་ལོ་རྐང་བྱི་རུག་སེར་པོ་འདྲ་ལ་མེ་ཏོག་སྔོན་པོ་ཅན་དམན་པ་སྟེ། དེ་དག་གིས་གཟེར་རིམས་དུག་སོགས་ཁྲག་ཚད་སེལ།
     མཛེས་མཚར་མིག་རྒྱན་ལས། བ་ཤ་ཀ་ནི། ཁྲག་གཅོད་ཟེར། ལོ་སྡོང་ཆེ་བ་སྟར་གསར་འདྲ་བའི་རྐང་ཁོང་གསོབ།གེལ་མཚམས་བྱའི་སུག་པ་ལྟར་ཚིགས་ཀྱི་རྣམ་པ་ཅན། མེ་ཏོག་དཀར་སེར་རམ་དཀར་དང་དམར་དང་སྔོ་གསུམ་འཆར་བ། རྩེ་མོས་ཚོད་མ་བྱེད་རུང་མཆོག བོད་དུ་སྐྱེ་བ་ལོ་རྐང་བྱི་རུག་སེར་པོ་སྲ་ཤིང་། མེ་ཏོག་གི་མདོག་ཤེལ་ཕྲེང་དུ་སེར་སྔོ་གཉིས་སམ་བཻ་སྔོན་དུ་སྔོ་དམར་གསུམ་བཤད་པ་དེ་དམན་པའོ།། ཀུན་ཏུ་བཟང་པོ་ལ་ཤིང་བ་ཤ་ཀར་དཔེ་བ་འདི་ཡིན་ནོ།། ད་ལྟ་ཨིང་སུ་ཧྭ་ཞེས་པའི་མེ་ཏོག་དམར་པོ་དང་དམར་སྐྱ་མདོག་ཤིན་ཏུ་ཆེ་བ་དང་། ཟངས་ཏིག་རིགས་སུ་འཛིན་པ་ནི་འགྲེལ་རྣམས་ལས་མི་འབྱུང་བའོ།། དེས་གཟེར་རིམས་སོགས་ཁྲག་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X