>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

ཐང་ཕྲོམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-04 9:24:05 ཀློག་གྲངས། 54

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཐང་ཕྲོམ་ཡིས་སྲིན་ནད་སེལ།ཐང་ཕྲོམ་ལ་རིགས་གསུམ་སྟེ། དཔག་བསམ་ལྗོན་པ་ལས། རྒྱ་ཐང་ཕྲོམ་ཞེས་བྱ་བ་ཡིས།། ཕོ་ནད་སྲིན་དང་ཆུ་སེར་འཇོམས།། མཁལ་མ་ལོང་གི་སྲིན་སེལ་བྱེད།། ལང་ཐང་རྩེ་ནི་རྣོན་པོའི་མཆོག། དཀར་པོ་མང་ན་སྨྱོ་བར་བྱེད།། དམར་སེར་འདྲ་སྟེ་གཉན་སྲིན་སེལ།། ཐང་ཕྲོམ་སྤུན་གསུམ་ཆེ་ཆུང་གསུམ།། སྲིན་ནད་ཐམས་ཅད་སེལ་བ་ཡིན།། ཞེས་དང་། རང་བྱུང་རྡོ་རྗེས། དྷ་དུ་ར་ཡིས་སྲིན་ཀུན་སེལ།། ཁ་ཤོག་ལོང་གི་སྲིན་ཀུན་སེལ།། ཝ་ཏ་ད་བྱིད་གཡེང་བར་བྱེད།། ཅེས་སོ།། སྤྱི་མིང་ནི། ཐང་ཕྲོམ་པ། དྷ་དུ་ར། སྣང་བ་དགུ་འགྱུར་འཁུན་པ་གྲོས་འདེབས་ཟེར། འདི་ཚངས་པས་དུག་གཟིར་དུས་མི་རྒྱུ་བར་གྱུར་བའི་དུག་རིགས་ཡིན། དཀར་པོ་གངས་ཐང་ཕྲོམ་དང་། ཁྲ་བོ་རྒྱ་ཐང་ཕྲོམ་མམ་གཡའ་ཐང་ཕྲོམ་དང་། ནག་པོ་རྫ་ཐང་ཕྲོམ་མམ་དུག་ཐང་ཕྲོམ་སྟེ་གསུམ་མོ།། དང་པོ་དཀར་པོ་ལ་རྒོད་གཡུང་གཉིས་ཡོད་པའི་རྒོད་པ་ནི། མིང་ཝ་ཏ། དཀར་པོ་ཆིག་ཐུབ། གླང་ཆེན་སྨྱོན་པ། འདོད་སྣང་དགུ་འགྱུར་ཟེར། འཁྲུངས་དཔེར། གངས་ཀྱི་ཐང་ཕྲོམ་བྱ་བ་ནི།། གཡའ་རི་སྤང་མཚམས་ལ་ཁར་སྐྱེ།། རྩ་བ་སྦོམ་ལ་སྡོང་པོ་མེད།། ལོ་མ་གཉེར་མཐུག་ས་གཞི་མནན།། མེ་ཏོག་དཀར་ལ་སེར་ཁ་ཅན།། གོང་བུ་རས་དཀར་ཁུག་མ་འདྲ།། འབྲས་བུ་ནག་ཞིབ་མཁལ་མའི་དབྱིབས།། སྣུམ་པའི་རང་བཞིན་སྨིན་པ་ཡིན།། ནུས་པས་གཉན་ནད་གག་ལྷོག་འཇོམས།། ཞེས་པས་གསལ།
     གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ཐང་ཕྲོམ་ལོ་མ་རྨ་ལ་གླན།། རྨ་ཆེ་ཆུང་གང་ཡང་མི་སྐྲང་ངོ་།། ཐང་འབྲས་མེ་ལ་བསྲེགས་པ་ན།། གདོན་དྲག་པོ་ཡོད་ན་འབྲོས་པར་འགྱུར།།
གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། དྷ་དུ་ར་ཞེས་བྱ་བ་ནི།། བོད་སྐད་དུ་ནི་ཐང་ཕྲོམ་ཟེར།། ཚེར་རྩ་ཀུན་དང་ལུད་ལ་སྐྱེས།། རྩ་བ་སྡོང་པོ་ལོ་མ་སྦོམ།། མེ་ཏོག་དཀར་ནག་འཐུག་པ་ལ།། འབྲས་བུ་སོ་མ་ར་ཙ་འདྲ།། རོ་ནི་ཚ་ལ་ནུས་པས་ནི།། ལྷོག་འབྲས་ལ་སོགས་སྐྲངས་རྣམས་འདུལ།། དྷ་དུ་ར་དང་གུ་གུལ་ནག། ཤུ་དག་གླ་རྩི་མུ་ཟི་དང་།། ལྡོང་རོས་ཤིང་ཀུན་བདུན་སྦྱོར་བྱ།། བྱ་རོག་བྱ་རྒོད་སྤྱང་ཀིའི་ཤ། རྙེད་ན་གོང་གི་སྟེང་དུ་བསྣན།། ཆུ་གྲང་ཕུལ་ལ་ཁོང་དུ་བཏང་།། ལོ་བརྒྱད་བྱིས་པའི་ཆུ་དང་ནི།། མངར་གསུམ་སྦྱར་ལ་ཕྱི་ལ་བྱུག། ལྷོག་པ་གསོ་ན་ར་དུག་བསྣན།། ལྷོག་རིགས་མ་ཡིན་གང་ཡིན་པ།། སྨན་འདིས་མ་ལུས་འཚོ་བར་བྱེད།། དྷ་དུ་ར་དེ་མེར་བསྲེགས་ན།། གདོན་བགེགས་ཞུགས་པ་འབྲོས་པར་འགྱུར།། ལོ་མ་བརྡུངས་པ་རྨ་སྟེང་གླན།། མཚོན་རྨ་གང་རུང་མི་སྐྲངས་སོ།། མི་ཕྱུགས་གང་ཡང་རུང་བ་ཡི།། བུ་དང་ཤ་མ་མ་བྱིན་ན།། ཐང་དུ་བསྡུས་ཏེ་བཏང་གྱུར་ན།། བུ་དང་ཤ་མ་འབྱུང་བར་འགྱུར།། སུག་སྨེལ་ལྕམ་པ་དང་སྦྱར་བཏང་།། རྨ་ཡི་སྐོམ་དད་སེལ་བར་བྱེད།། སྲིན་ནད་མ་ལུས་སེལ་བར་བྱེད།། ཡོན་ཏན་བསམ་གྱིས་མི་ཁྱབ།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཐང་ཕྲོམ་པ་རོ་ནི་བསྐ་ཞིང་ཚ།། ཞུ་རྗེས་བསིལ་ཡིན་སྲིན་ནད་ཀུན་ལ་ཕན།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཐང་ཕྲོམ་ལ་གཉིས་ལས། དཀར་པོ་གཡའ་རིའི་སྤང་མཚམས་སོགས་ལ་སྐྱེ་བ་རྩ་སྡོང་སྦོམ་ཞིང་ལོ་ངར་ལྗང་བའང་སྦོམ་པ་མེ་ཏོག་དམར་ནག་མཐུག་པ་གང་བུ་ཆེ་ཞིང་འབྲས་བུ་སོ་མ་ར་ཛ་འདྲ་ལ་རོ་ཁ་བ་དང་། ནག་པོ་ཀླུངས་སུ་སྐྱེ་བ་སྡོང་པོ་ཆེ་ལ་ལོ་ལྗང་སྒོར་མོ་མེ་ཏོག་རྒྱ་དཀར་གང་བུ་ཅན་གྱིས་རོ་ཙ་བྱེད།
     མཛེས་མཚར་མིག་རྒྱན་ལས། ཐང་ཕྲོམ་ནི། དྷ་དུ་ར་ཞེས་པ་མི་རྒྱུ་བའི་དུག་དངོས་ཏེ། རིགས་གསུམ་ལས་ཐང་ཕྲོམ་དཀར་པོར་སྲིན་སྐབས་སུ་དཀར་པོ་ཆིག་ཐུབ། གླང་ཆེན་སྨྱོན་པ་ཟེར། གཡའ་རི་སྤང་མཚམས་སྐྱེ། རྩ་བ་སྦོམ་ལ་སྡོང་པོ་མེད་པའི་ལོ་མ་གཉེར་མཐུག་ས་མནན་པ། མེ་ཏོག་དཀར་པོ་སེར་ཁ་ཅན་གང་བུ་རས་དཀར་ཁུག་མ་འདྲ་བ་འབྲུ་ནག་མཁལ་དབྱིབས་ཅན། རྩ་བ་སྨིན་པ་སྣུམ་པའི་རང་བཞིན་དུ་གྱུར་པ་རྒོད་པ་མཆོག གཡུང་ནི་སྤང་ལྗོངས་ཕྱུགས་ལྷས་རྙིང་པར་སྐྱེ་བ། རྩ་བ་ཕྲ་ལ་ལོ་མ་སྲབ་ཆུང་མཐོ་ཀོར་ཙམ་མཉེན་པས་ས་མནན་པ། མེ་ཏོག་དཀར་སེར་སྲབ་སྙོམས་སམ་བཻ་སྔོན་ནས་དམར་ནག་ཅེས་པ། གང་བུ་བོ་དེ་རྩེ་འབྲས་ལས་ཆེ་ཙམ་རེ་ལ་དཀར་སྔོ་དངས་ཅན། འབྲུ་ཞིབ་དཀར་པོ་འབྱར་བག་ཁུ་བས་གང་བ། ཁཎྡྲི་ཟེར་ནད་བརྒྱའི་སྨན་གཅིག་ཟེར།།
     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གཡུང་བ་ལ། ཁ་ཤོག་པ། རོ་ཙ། སྣང་བ་དགུ་འཁྲུལ་ཟེར། འདི་ནི་སྐྱེ་ཚུལ་ཡང་། ད་བྱིད་དཀར་པོ་ཁ་ཤོག་པ།། སྤང་ལྗོངས་ཕྱུགས་ལྷས་རྙིང་པར་སྐྱེ།།  རྩ་བ་ཕྲ་ལ་ལོ་མ་སྲབ།། ལོ་མས་ས་མནན་མཉེན་ལ་ཆུང་།། མེ་ཏོག་དཀར་སེར་སྲབ་ལ་སྙོམས།། གོང་བུ་དཀར་འཇམ་སྔོ་མདངས་ཅན།། འབྲས་བུ་དཀར་ཞིབ་རིང་བསྲེལ་འདྲ།། འབྱར་བག་ཁུ་བའི་དབང་པོས་གང་།། ཞེས་འདབ་མ་མཐོ་གང་ཙམ་ལས་ཆེ་བ་མི་སྐྱེ་ལ། གང་བུ་བོ་དེ་རྩེ་འབྲས་ལས་ཆེ་བ་ཙམ་རེ་ཡོད་པ། དེ་གཉིས་དཀར་པོ།

གོང་ངོས། ཡིག་ཆ་མི་འདུག
X