>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

ཏིག་ཏ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-04 9:17:12 ཀློག་གྲངས། 101

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཏིག་ཏས་མཁྲིས་པའི་ཚ་བ་མ་ལུས་སེལ།། ཞེས་པ་ལ། རོ་སྐོར་ལས། ཏིག་ཏ་བསིལ་ལ་རྩུབ་པས་མཁྲིས་པ་སེལ།། ཞེས་དང་། བདུད་རྩི་ཐིགས་པར། ཏིག་ཏ་སྐམ་ལ་སྙོམས་པས་ཁྲག་མཁྲིས་སེལ།། ཞེས་དང་། དཔག་བསམ་ལྗོན་པར། ཏིག་ཏས་ཚ་མཁྲིས་ཚ་བ་སེལ།། ཞེས་དང་། རང་བྱུང་པས། རྒྱ་ཏིག་ཚད་པ་ཀུན་ལ་ཕན།། ཞེས་གསུངས། མིང་ནི། རྒྱ་གར་དུ་ཏིགྟ། བོད་དུ་ཁ་བ། རྒྱ་ནག་ཏུ། ཏེ་ཟ་ར། ཕྲོམ་གྱིས་ཀླ་ཀླ། མེ་ཉག་པས། ཀོ་སོ་ལོ། དོལ་པོས། ཇི་ར་ཟེར། འཁྲུངས་དཔེར། ཏིགྟ་དག་ལ་རིགས་གསུམ་སྟེ། རྒྱ་ཏིག་བལ་ཏིག་བོད་ཏིག་གོ། རྒྱ་ཏིག་ལོ་མ་སྔོ་ནག་མཐུག། བལ་ཏིག་ལོ་མ་ཅུང་ཙམ་སེར།། ཞེས་གསུང་བཞིན་རིགས་གསུམ། རྒྱ་ཏིག་ནི། རྒྱ་གར་ནས་འོང་བའི་ཤིང་ཕྲན་འདྲ་བའི་ཁོང་སྟོང་སྲབ་ལ་མཁྲེགས་པ་འོད་ཅན་ཚིགས་པའི་རྣམ་པ་ཡོད་པ་རོ་ཁ།
     གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ཏིག་ཏ་དག་ལ་རིགས་གཉིས་ཏེ།། གསེར་དངུལ་ཏིག་ཏ་རྣམ་པ་གཉིས།། དངུལ་ཏིག་མེ་ཏོག་དཀར་བ་སྟེ།། ལོ་མ་སྡོང་པོ་རབ་ཏུ་རིང་།། རོ་ནི་ཁ་ལ་ནུས་པ་རྩུབ།། རྨ་ནད་ཐམས་ཅད་སོས་པར་བྱེད།། གསེར་ཏིག་ཡུངས་དཀར་སྡོང་པོ་འདྲ།། ལོ་མ་སྡོང་པོ་མེ་ཏོག་སེར།། རོ་ནི་ཁ་བའི་མཆོག་ཡིན་ནོ།། རང་གི་ནུས་པས་བད་ཀན་སེལ།། ཆིག་ཐང་ནུས་པས་བད་ཀན་འཇོམས།། ཏིག་ཏ་བྲག་ཞུན་གུར་གུམ་དང་།། གི་ཧང་ཀ་ར་བ་ལེ་ཀ། སྦྱར་བཏང་མཆིན་པའི་ཚ་བ་སེལ།། ཁ་ཟས་ཡང་ལ་རྩུབ་པ་བསྟེན།། སྤྱོད་ལམ་སོས་དལ་ཡིད་འོང་འགྲོགས།། གཏམ་མང་མི་སྨྲ་བསིལ་གནས་བསྟེན།། བད་ཀན་སྐྱ་སེར་སྨུག་ནག་སོགས།། ཐམས་ཅད་སེལ་བའི་བདུད་རྩི་ཡིན།། བདུད་རྩི་ཨ་ མྲྀ་ཏ་རུ་གྲགས།། འདི་ཡི་ཡོན་ཏན་བསམ་མི་ཁྱབ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཏིག་ཏ་ཞེས་པ་ལ་དབྱེ་ན་རྒྱ་ཏིག་བལ་ཏིག་བོད་ཏིག་ཅེས་སྐྱེས་ས་ཡུལ་གྱིས་ཕྱེ་བས་གསུམ། ཟངས་ཏིག་ལྕགས་ཏིག་གསེར་ཏིག་དངུལ་ཏིག་ཅེས་མེ་ཏོག་ཁ་དོག་གིས་ཕྱེ་བས་བཞི། ཏིག་ཏ་དངོས་དང་སུམ་ཅུ་ཏིག་ཅེས་རིགས་ཀྱིས་ཕྱེས་བས་གཉིས་ཡོད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཏིག་ཏ་ཡུངས་ཀར་ངར་པ་འདྲ།།
     སྨན་མིང་རྒྱ་མཚོ་ལས། ཏིག་ཏའི་སྦྲང་གིས་ཚད་པ་འཇོམས།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཏིག་ཏ་རོ་ཁ་ཞུ་རྗེས་བསིལ་བའི་མཆོག། མཁྲིས་ཚད་ཆུ་སེར་སེལ་ཞིང་རྩ་ཁ་འབྱེད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཏིག་ཏ་རོ་ཁ་ཞུ་རྗེས་བསིལ་ལ་སྙོམས།། ཁྲག་དང་མཁྲིས་པའི་ཚད་པ་མ་ལུས་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཏིག་ཏ་ནི། རྐང་ནང་གསོབ་པ་སྔོ་ནག་དང་ལྗང་སེར་སོགས་ངེས་མེད་དང་ལོ་མ་ཡལ་གའི་བར་བར་ནས་རྒྱབ་མདུན་གཡས་གཡོན་ལྟག་སྤྲོད་དུ་སྐྱེ་ཞིང་མེ་ཏོག་སེར་པོ་མདངས་ཅན་ཏེ། དེ་ལ་རྒྱ་ཏིག་བལ་ཏིག་བོད་ཏིག་རྣམས་ཡོད་ལ། དེ་མཆོག་དམན་གྱིས་མཁྲིས་ཚད་སེལ།
     མཛེས་མཚར་མིག་རྒྱན་ལས། ཏིག་ཏ་རྒྱ་སྐད་དེ་བོད་དུ་ཁ་བ་ཞེས་པ་ཡིན། འདིར་རིགས་གསུམ་ལས། རྒྱ་ཏིག་ནི་རྒྱ་གར་ནས་འོང་བ་ཤིང་ཕྲན་འདྲ་བ་ཁོང་སྟོང་སྲབ་མཁྲེགས་ཚིགས་ཀྱི་རྣམ་པ་ཅན། བཻ་སྔོན་ལས། རྐང་སྔོ་ནག་ལྗང་སེར་ངེས་མེད་ནང་གསོབ་ཅན་ལོ་མ་རྣམས་ཡལ་གའི་བར་བར་ནས་རྒྱབ་མདུན་གཡས་གཡོན་ལྟག་སྤྲོད་དུ་སྐྱེ་ཞིང་མེ་ཏོག་སེར་པོ་འཆར་བ་སྒོ་བཟང་པ་དེ་མཆོག ཅེས་པའོ།། བལ་ཏིག་ནི། བལ་བོ་ནས་འོང་བ་སྔ་མ་ལས་མདོག་སྐྱ་སྙི་ལ་རོ་སྔ་མ་དང་འདྲའོ།། བོད་ཏིག་ལ་སུམ་ཅུ་ཏིག་སོགས་རིགས་དྲུག་ཡོད་དེ། མཆོག་ལྕགས་ཏིག་ནི། ཆུ་འགྲམ་སྤང་ལ་སྐྱེ། སྡོང་པོ་ལྕགས་ཐུར་འདྲ་ཞིང་ལོ་མ་སྔོ་ལྗང་རྟིང་པ་དྲིལ་ལ་ ངར་ནག་ཕྲ་བ། མེ་ཏོག་སྔོ་སྐྱ་གང་བུ་ཟར་མ་ཡི་གང་བུ་དང་འབྲུ་ལྕགས་ཀྱི་རིང་བསྲེལ་ལྟ་བུ་སྟེ། རོ་ཤིན་ཏུ་ཁ་བའི་སྡོང་ལོ་འབྲུ་བཅས་བཏུ་དགོས། རོ་སྐོར་ལས། ཏིག་ཏ་བསིལ་བ་རྩུབ་པས་མཁྲིས་པ་སེལ།། ཞེས་དང་། བདུད་རྩི་ཐིགས་པར། ཏིག་ཏ་སྐམ་པ་སྙོམས་པས་ཁྲག་མཁྲིས་སེལ།། ཞེས་བསྡུས་ན་མཁྲིས་ཚད་ལ་བསྔགས།

གོང་ངོས། ཡིག་ཆ་མི་འདུག
X