>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

སྒ་སྐྱ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-04 9:09:30 ཀློག་གྲངས། 34

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཆག་འཇུ།། ཞེས་པར། བྱིངས་ལས། སྒ་སྐྱ་ནི་ཚ་བའི་ཚ་བ་ཁ་བ་བསྐ་བའོ།། ཞེས་དང་། གཏེར་མཛོད་ལས། སྒ་སྐྱ་ཅུང་ཟད་བསྐ་དང་བཅས།། ཞུ་རྗེས་ཁ་ནི་བསྐ་བ་ཡིན།། དྲོད་སྐྱེད་ཁྲག་འཆག་འཇུ་བད་ཀན།། སེལ་ཞིང་བསྟེན་དྲག་ལུས་ཟུངས་སྐེམ།། ཞེས་དང་། བདུད་རྩི་བུམ་པར། སྒ་སྐྱ་པགས་ཁ་ཤ་ནི་ཚ།། ཁྲག་འཇུ་དྲོད་སྐྱེད་བད་སྣབས་འཇོམས།། དང་། བདུད་རྩི་ཕྲེང་བར། སྒ་སྐྱ་ཞུ་རྗེས་ཁ་བར་འཇུ།། ནུས་པས་ཁྲག་འཆག་འཇུ་བ་ཡིན།། ཞེས་དང་། བསྡུས་པར། བད་རླུང་སེལ་བ་སྒ་སྐྱ་མཆོག།  ཅེས་གསུངས། རང་བྱུང་བས་ཀྱང་དེ་ལྟར་གསུངས། མིང་ནི། ཤུཎྛི་ཨ་རྟྲ། ཟེར། འདི་སྒ་སྔ་མ་དང་ཕྱོགས་འདྲ་ཡང་པགས་པ་དམར་བའམ་སྐྱ་བ་ཅུང་མཐུག་ལ་སྔ་མ་ལས་གསོབ་ཅིང་དཀར་ལ་ཁོང་སྤུ་ཡོད་པ་ཡིན། འཁྲུངས་དཔེ་མི་སྣང་ཡང་། རྒྱ་ནག་ཡུལ་དུ་སྡོང་པོ་ནས་ཀྱི་སོག་མ་ལྟ་བུ་བུངས་མཐུག་པའི་རྩ་བ་རེ་རལ་ལྟར་གཅིག་ལ་གཅིག་འབྲེལ་འདོམ་ལྔ་དྲུག་ཙམ་ཁྱབ་པ་དབྱིབས་སྒ་དམར་རམ་ར་མཉེ་ལྟར་ལ་དྲི་ཞིམ་པ་ཁོང་སྤུ་ཡོད་པ་སྐམས་ནས་མཁྲེགས་པ་ཤིན་ཏུ་བཟང་བར་མཐོང་།
     སྨན་མིང་རྒྱ་མཚོ་ལས། བད་རླུང་སེལ་བ་སྒ་སྐྱ་མཆོག།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། སྒ་སྐྱ་རོ་ཚ་ཞུ་རྗེས་དྲོ་ལ་སྙོམས།། ནུས་པས་མ་ཞུ་འཇུ་ཞིང་བད་ཀན་སེལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། སྒ་སྐྱ་རོ་ཚ་ཞུ་རྗེས་ཅུང་ཟད་དྲོད།། ནུས་པས་ཁྲག་འཁྱགས་འཇུ་ཞིང་བད་རླུང་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སྒ་སྐྱའམ་སྒེ་གཤེར་ནི། སྒ་རློན་ལ་འདོད་པ་ནོར་ལ། དངོས་ནི་གོང་འདྲ་ལ་སྡོང་པོ་ཆེ་ཞིང་རྩ་བ་ཆང་ཕབས་ལྟར་དཀར་བ་སྟེ། དེས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ་བ་དང་ཆང་ནད་ལ་ཕན།
     མཛེས་མཚར་མིག་རྒྱན་ལས། སྒ་སྐྱ་ནི། རྒྱ་ནག་གི་སྡོང་པོ་ནས་ཀྱི་སོག་མ་ལྟ་བུ་བུངས་མཐུག་པའི་རྩ་བ་རེ་རལ་ལྟར་གཅིག་ལ་གཅིག་འབྲེལ་ནས་འདོམ་ལྔ་དྲུག་ཙམ་ཁྱབ་པ་དབྱིབས་སྒའམ་ར་མཉེ་འདྲ་བ། དྲི་ཞིམ་པ་ཁོང་དུ་སྤུ་ཅན།པགས་མཐུག་དམར་རམ་ཅུང་ཟད་སྐྱ་བོ་ཡོད་མོད། བཻ་སྔོན་དུ་སྒ་སྐྱ་དང་སྒེ་གཤེར་གཅིག་གསུངས་པའང་། གཡུ་ཐོག་པའི་གཏེར་སྤུངས་ལས་སྒ་ལ་བཞེད། སྨན་བྱིངས་ལས། སྒ་སྐྱ་ནི་ཚ་བའི་ཚ་བ་ཁ་བ་བསྐ་བའོ།། ཞེས་དང་། གཏེར་མཛོད་ལས། ཞུ་རྗེས་ཁ་ནི་བསྐ་བ་ཡིན། ཞེས་དང་། བདུད་རྩི་བུམ་པར། སྒ་སྐྱ་ལྤགས་པགས་ཁ་ཤ་ནི་ཚ། ཞེས་པས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ།

གོང་ངོས། གུར་ཏིག
X