>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

སུག་སྨེལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 16:06:51 ཀློག་གྲངས། 60

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ།། ཞེས་པར། ལྕགས་ཀྱི་ཕྲེང་བ་ལས།སུག་སྨེལ་ནུས་པ་ཐམས་ཅད་ཡང་བ་ཡིན།། རང་གི་ནུས་པ་ཞུ་ནས་དྲོད་དུ་འགྲོ།། ཞེས་དང་། བདུད་རྩི་ཐིགས་པར། སུག་སྨེལ་དྲོ་སྐམ་ཕོ་བའི་ནད་ལ་ཤིས།། ཞེས་པར། རིགས་གཉིས་ཀྱི་མཆོག་གི་མིང་ལ། སུཀྨལ། སུ་ཀྵ་མེ། ཨེ་ལ་ཕྲ་མོ། ཨེ་ལ་རྩི། ཏྲི་པི་ཏྲི། སེག་བརྡར་རིས་ཟེར། རྒྱ་གར་ནས་ཡོང་བ་ཤིང་གི་ཡལ་ག་ཁབ་ཙམ་རེ་ལ་གང་བུ་དཀར་པོ་ཟུར་གསུམ་པ་རྩེ་མོ་ལྕགས་ཀྱུ་ལྟར་གུག་པ་ལྔ་བཅུ་ཙམ་རེ་སྐྱེ་བ། ནང་འབྲས་ཟུར་གསུམ་ལེབ་མོར་སེག་བརྡར་རིས་དོད་པ་དྲི་བཟང་བ། བྱུང་ཁུངས་དཀའ་འགྲེལ་ལས། སུག་སྨེལ་རྒྱ་མཚོའི་གླིང་ཕྲན་དང་།། ལྷོ་ཕྱོགས་བྷཻ་ཏའི་ཡུལ་དང་ནི།། མ་ལ་ཡ་ནས་འབྱུང་བ་སྟེ།། ལྡུམ་བུ་ཞིག་གི་འབྲས་བུ་ཡིན།། ཞེས་དང་། བརྟག་པ་ཡང་། སུག་སྨེལ་ཅུང་ཟད་དཀར་བ་དང་།། སེག་བརྡར་རི་མོ་གསལ་བ་དང་།། བཅག་ན་དཀར་ཞིང་དྲི་མ་ཆེ།། དཀར་གོང་ཕྱེ་མ་མེད་ན་བཟང་།། ཞེས་གསུངས། དེར་ཡང་གང་བུ་ཆེ་ཞིང་དྲི་ངད་ཆེ་ལ་ནང་འབྲས་རྩིངས་པ་རྒྱ་མཚོའི་ཕ་རོལ་ནས་ཡོང་བས་བཟང་། དྲི་འཇམ་ལ་གང་བུ་སོགས་ཆུང་ལ་ཞིབ་པ་བྷཻ་ཏ་ནས་འོང་བ་ཞན། སྙོམས་པ་འབྲིང་བ་མ་ལ་ཡ་ནས་འོང་བ་འབྲིང་། གོང་བུ་ཁ་བྱེ་ནས་འབྲས་བུ་སིལ་བུར་འགྲོ་བ་སྨིན་པས་བཟང་། མཉེན་ལ་ཁ་འབྱེད་དཀའ་བ་མ་སྨིན་པས་དམན་པ་ཡིན། འདྲ་དཔེར། སུག་སྨེལ་བྲ་བོ་སྨིན་པ་འདྲ།། ཞེས་སོ།། ཡན་ལག་བརྒྱད་པར། ཨེ་ལ་ཕྲ་སྦོམ་གཉིས་བཤད་པའི།། ཕྲ་བ་བཤད་མ་ཐག་པ་འདི་ཡིན་ལ། སྦོམ་པ་ནི་སྤུ་བོ་དང་། མོན་དང་གློ་ཡུལ་ནས་འོངས་པའི་གང་བུ་ཆེ་ལ་རིང་བ་སྔ་མ་ལས་སུམ་འདབ་ཀྱིས་ཆེ་ཡང་ཟུར་གསུམ་མ་ཡིན་པར་འཇོང་མོ་འབྲུར་སེག་བརྡར་རི་མོ་མེད་པ་འདི་ལ། ཏྲི་པི་རི། ཨེ་ལ་སྦོམ་པ། གློ་སུག་གམ། མོན་སུག་ཟེར་བ་སྔ་མ་ལས་དམན་ཡང་ནུས་པ་ཕྱོགས་ཆེར་མཐུན། དཀའ་འགྲེལ་ལས། སུག་སྨེལ་ཕུག་བུ་ཀོ་ལ་འདྲ།། དེ་ལས་ཆུང་བ་གྲུ་གསུམ་སོགས།། གོང་མ་ཆུང་ལ་འོག་མ་ཆེ།། ནང་དཀར་སྐམ་ཞིང་རོ་ཁ་ཚ།། དྲི་མ་བཟང་ན་ཀུན་ཀྱང་བཟང་།། ཞེས་སོ།། འདྲ་ཡིག་ཏུ། སུག་སྨེལ་བྲ་བོ་གྲུས་མ་འདྲ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། སུག་སྨེལ་ནི་སུཀྵ་མེ། ཏྲི་པི་ཏྲི། སེག་བརྡར་རིས་ཞེས་པ་སྟེ་མ་རྙེད་ན་མོན་སུག་གིས་ཀྱང་ཚབ་རུང་བར་བཤད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། སུག་སྨེལ་བྲ་བོ་རུག་པ་འདྲ།། སུག་སྨེལ་སྤུ་མེད་རུག་ན་བཟང་།།
     སྨན་མིང་རྒྱ་མཚོ་ལས། སུག་སྨེལ་ཕོ་ལོང་གཞི་འཛིན་བྱེད།། བསིལ་དྲོད་སྙོམས་པ་གཉིས་གསུམ་དྲུག།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། སུག་སྨེལ་སེག་བརྡར་རིས། ཏྲི་བི་ཏི་ཟེར་རོ་ཚ་ཞུ་རྗེས་དྲོ་ལ་སྙོམས།། ནུས་པས་ཆུ་འགགས་སེལ་ཞིང་རྩ་ནད་སྦྱོང་།། མཁལ་ནད་མཁལ་འགྲམས་བད་ཀན་སེལ་བར་བྱེད།། ཕོ་བའི་མེ་དྲོད་སྐྱེད་ཅིང་གྲང་ནད་སེལ།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། སུག་སྨེལ་བྲ་ཆུང་སྨིན་པ་འདྲ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། སུག་སྨེལ་ཁ་ཚ་བསྐ་ཞིང་ཞུ་རྗེས་སྙོམས།། ཕོ་མཁལ་གྲང་བའི་ནད་རྣམས་སེལ་བར་བྱེད།།
སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སུག་སྨེལ་ལ། སྡོང་པོ་ནག་ངམ་ལོ་མ་ལྗང་ཁུ་ཅན་གྱི་གང་བུ་དཀར་པོ་ཟུར་གསུམ་མཆོག་དང་། རྒྱ་ནག་གི་དང་མོན་སུག་གིས་ཀྱང་རུང་ལ། དེ་དག་གིས་མཁལ་ནད་གྲང་བ་རླུང་གི་རིགས་སེལ།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། སཱི་ཀྵྨེལཱ་སྟེ་ཕྲ་མོ། ཟུར་ཆག སུག་སྨེལ། འདི་ལ་རིགས་ཆེ་ཆུང་གཉིས་ཡོད། ངོ་བོ་ནོར་སོ་ཆུང་།
མཛེས་མཚར་མིག་རྒྱན་ལས། མཁལ་མའི་བཟང་པོ་སུག་སྨེལ་ནི། རྒྱ་སྐད་དུ། སུཀྨེལ་དང་། ཡང་ཨེ་ལ་ཕྲ་མོ།སེག་བརྡར་ཟེར། དེར་རྒྱ་སུག་མོན་སུག་རྒྱ་ནག་སུག་སྨེལ་དང་གསུམ། རྒྱ་སུག་ནི། རྒྱ་གར་ན་ཡོད་པའི་ཤིང་ཡལ་ག་ཁབ་ཙམ་རེ་ལ་གང་བུ་དཀར་པོ་ཟུར་གསུམ་པ་ཆེ་ཆུང་གསེར་གྱི་མེ་ཏོག་ཆུང་གི་ཙམ། རྩེ་མོ་ལྕགས་ཀྱུ་ལྟར་གུག་པ་ལྔ་བཅུ་ཙམ་རེ་སྐྱེ་ལ། ནང་འབྲུ་ཟུར་གསུམ་ལེབ་མོར་སེག་བརྡར་རིས་དོད་པ་དྲི་བཟང་བ། མོན་སུག་ནི། མོན་དང་གློ་ཡུལ་ནས་འོང་བའི་གང་བུ་ཆེ་ལ་རིང་བ།སྔ་མ་ལས་གསུམ་འདབ་ཀྱིས་ཆེ་ཡང་ཟུར་གསུམ་མ་ཡིན་པར་འཇོང་མོ་འབྲུར་སེག་བརྡར་རི་མོ་མེད་པའོ།། རྒྱ་ནག་སུག་སྨེལ་ནི། ཤེལ་དཀར་མེ་ལོང་ལས། རྒྱ་ནག་གི་དང་མོན་སུག་གིས་ཀྱང་རུང་། ཞེས་པ་རྩྭ་ལོ་མ་ཆེ་ལ་མེ་ཏོག་སེར་པོའི་འབྲུ་གང་བུ་ཟླུམ་པོ་སུལ་དྲུག་པའི་རོ་ཁ་མདོག་དང་ངོ་བོ་སུག་སྨེལ་སྤྱི་དང་འདྲ་བ། མཁལ་ནད་གྲང་བ་སེལ།འདི་ཡན་བཟང་པོ་གསུམ་དང་དྲོད་སྨན་གསུམ་དང་མན་ཆད་བསིལ་སྨན་བཞི་ཟེར།

གོང་ངོས། ཡིག་ཆ་མི་འདུག
X