>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

ལི་ཤི

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 16:03:08 ཀློག་གྲངས། 22

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལི་ཤིས་སྲོག་རྩའི་ནད་དང་གྲང་རླུང་སེལ།། ཞེས་པར། རིན་སྤུངས་ལས། ལི་ཤི་ཚ་ལ་རྩུབ་པ་སྟེ།། གྲང་སེལ་འབྲུམ་བུའི་ནད་ལ་ཕན།། ཞེས་དང་། གདམས་པ་སུམ་ཅུ་པ་ལས། ལི་ཤི་སྐམ་ཞིང་དྲོ་ལ་ཡི་ག་འབྱེད།། ཕོ་བ་མཆིན་པའི་དྲོད་སྐྱེད་ཁ་ཟས་འཇུ།། ཞེས་པ་ལ་མིང་། ཝངྒ། ལ་བཾ་ཀ ལ་པ་གྲ། ལི་ཤི། ཤྲཱི་ཤྩྪ་ཛྙཱ། དཔལ་གྱི་མིང་ཅན། དེ་བ་ཀུ་སུ་མ། ལྷའི་མེ་ཏོག་ཟེར། རྒྱ་ནག་པས་ག་རམ་བུ་ལ་ཟེར། རིགས་གཉིས་འབྱུང་སྟེ། དཀའ་འགྲེལ་ལས། ལི་ཤི་ལི་རྒོད་རྣམ་པ་གཉིས། ཞེས་དང་། ཁུངས་ཡང་ཛཱ་ཏི་དང་འདྲ་བར་བཤད་ལ། དབྱེ་བ་ཡང་དེ་ཉིད་ལས། ལི་ཤི་སྀ་ག་ལི་རྒོད་ཅན།། འབྲུ་རྣམས་ཆེ་ཞིང་རགས་པོ་ཡིན།། གཞན་ནས་འོངས་པ་དེ་ལས་ཕྲ།། ཞེས་གསུངས། བརྟག་པ་ཡང་། ལི་ཤི་སྨུག་ཅིང་སྲ་ལ་ལྕི།། དྲི་བཟང་རོ་ནི་ཚ་ལ་ཁ།། འབྲུ་རྣམས་ཉམས་པ་མེད་ན་བཟང་།། ཞེས་དང་། བརྡ་སྤྲོད་ལས། ལི་ཤི་ལ་ཤི་མེད་ན་བཟང་།། ཞེས་པས། སྣུམ་དང་གང་བུ་མེད་ཅིང་སྐྱ་ལ་སྙི་བ་སད་པོ་འདྲ་བ་ནི་ལ་ཤའོ།། གང་བུ་ཅན་ལ་བུམ་པ་ཅན་ཡང་ཟེར། འདྲ་དཔེར། ལི་ཤི་ཟངས་ཀྱི་གཟེར་ཆུང་འདྲ།། ཞེས་སོ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ལི་ཤི་ཞེས་པ་མེ་ཏོག་གི་སྨན་སྡེ་ཡིན་ལ་རིགས་དང་སྐད་དོད་ཉུང་བས་ནོར་ས་མེད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ལི་ཤི་ཟངས་མའི་གཟེར་བུ་འདྲ།།
     སྨན་མིང་རྒྱ་མཚོ་ལས། ལི་ཤི་གཟེར་ནད་མཆིན་མཁྲིས་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ལི་ཤི་ཀུ་སུ་མ་ཟེར་རོ་ཚ་ཞུ་རྗེས་དྲོ་ལ་སྙོམས།། ནུས་པས་སྲོག་རྩ་མཆེར་བའི་གྲང་བ་སེལ།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། ལ་ཝང་ཀ་ནི་ལི་ཤི་མིང་།། ལི་ཤི་སྨུག་ཅིང་སྲ་ལྕེ་ལྕི།། ངར་བ་ཤིན་ཡན་མེད་པ་དང་།། དྲི་བཟང་རོ་ནི་ཚ་ཞིང་ཁ།། འབྲུ་རྣམས་ཉམས་པ་མེད་ན་བཟང་།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ལི་ཤི་རོ་ནི་ཚ་ཁ་ཞུ་རྗེས་དྲོད།། དྲོད་སྐྱེད་ཟས་འཇུ་ཡི་ག་འབྱེད་པ་དང་།། སྲོག་རྩའི་ནད་དང་གྲང་རླུང་སེལ་བར་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ལི་ཤི་ནི། མཆོག་བུམ་འདྲ་བ་དང་། ཕལ་བ་ཟངས་གཟེར་འདྲ་བ་གཉིས་ཏེ། དེ་དག་གིས་སྲོག་རྩའི་ནད་དང་གྲང་རླུང་སྐད་འགགས་སེལ།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ལ་པངྒ།ལི་ཤི འདི་རྒྱ་དཀར་ནག་གཉིས་ཀ་ལས་འབྱུང་། ལི་ཤི་བུམ་པ་ཅན་ནི་སྐེད་པ་བུམ་པའི་ལྟོ་བ་འདྲ་བ་དཀྱུས་མ་ལས་ཆེ་ཙམ་སྟེ་རྒྱ་ཡུལ་དུ་ཡོད། ལི་ཤི་སྨུག་ཅིང་སྲ་ལ་ལྕི། འབྲུ་རྣམས་ཉམས་པ་མེད་པ་བཟང་། ཞེས་པ་ནི་ལི་ཤི་མ་སོང་བ་དང་། མདོག་སྐྱ་ལ་དྲི་ཆུང་བ་ནི་དྲི་སྣུམ་གྱི་ཆེད་དུ་བཙིར་བའི་རོ་མ་ལ་ཤི་སོང་བ་ཡིན་པས་ཞན། རབ་གནས་ཀྱི་ཆོ་གར་ཁྲུས་ཆས་དྲི་སྣུམ་ཞེས་བཤད་པའང་ལི་ཤི་སོགས་ལས་སྦྱར་བ།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། ལི་ཤི་བུམ་པ་ཅན་མཆོག ལི་ཤི་ཟངས་གཟེར་འདྲ་བ་དམན་པ།
མཛེས་མཚར་མིག་རྒྱན་ལས། སྲོག་རྩའི་བཟང་པོ་ལི་ཤི་ནི། རྒྱ་སྐད་དུ། ལ་བཾ་ཀ་ཟེར། སྣུམ་དང་གང་བུ་མེད་ལ་སྐྱ་སྙི་བ་སང་པོ་འདྲ་བ་ལི་ཤི་དང་། གང་བུ་ཡོད་ཅིང་ཆེ་སྦོམ་ལ་བུམ་པ་ཅན་ནམ་ལི་རྒོད་ཟེར། ཤེལ་དཀར་མེ་ལོང་དུ་ཕྱི་མར་མཆོག་བཟུང་། ཐམས་ཅད་དྲི་བཟང་རོ་ཚ་ལ་ཁ། དེ་ནི་རྒྱ་ནག་གི་ཤིང་ཆེན་པོ་ལོ་ཟླུམ་ལྗང་ནག་མེ་ཏོག་སྔོ་དམར་གྱི་གེ་སར། འདྲ་ཡིག་ལས། ལི་ཤི་ཟངས་ཀྱི་གཟེར་ཆུང་འདྲ།། ཞེས་དང་། རིན་ཆེན་སྤུངས་པ་ལས། ལི་ཤི་ཚ་ལ་རྩུབ་པ་སྟེ།། ཞེས་དང་། གདམས་པ་སུམ་ཅུ་པ་ལས། ལི་ཤི་སྐམ་ཞིང་དྲོ་ལ་ཡི་ག་འབྱེད།། ཅེས་པས་སྲོག་རྩའི་ནད་དང་གྲང་རླུང་སེལ། འདིའི་ཡན་བཟང་པོ་བཞིའམ་དྲོད་སྨན་བཞི་དང་མན་ཆད་བསིལ་སྨན་གསུམ་ཟེར།།

གོང་ངོས། ཡིག་ཆ་མི་འདུག
X