>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

ཛཱ་ཏི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 15:55:21 ཀློག་གྲངས། 194

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཛཱ་ཏིས་རླུང་འཇོམས་སྙིང་གི་ནད་རྣམས་སེལ།། ཞེས་པར། རྩིས་ཉི་ཟླའི་འཁོར་ལོ་ལས། ཛཱ་ཏི་ཕ་ལ་སྣུམ་ལ་ལྕི་བས་སྙིང་ནད་སྟོང་པ་སེལ།།ཞུ་རྗེས་བསིལ་དུ་འགྲོ་བས་མཁལ་ནད་ཅན་ལ་ངན།། གྲོགས་ཀྱི་སྟོབས་ཀྱིས་རིམས་ནད་སེལ་བར་བཤད།། ཅེས་དང་། ཞང་གཟི་བརྗིད་འབར་གྱིས་བདུད་རྩི་ཐིགས་པ་ལས། ཛཱ་ཏིས་དྲོད་སྐྱེད་ཟས་འཇུ་སྙིང་རླུང་སེལ།། ཞེས་སོ།། ཛཱ་ཏི་ནི་སྐྱེ་སའི་ཤིང་དེའི་མིང་ཡིན་ལ། འདི་ལ་འགྲེལ་བྱེད་མང་བར་འཁྲུལ་ལུགས་དགག་པ་དང་། ཡིན་ལུགས་བཞག་པ་མང་དུ་བྱ་རྒྱུ་འདུག་ཀྱང་བཞག་ལ། མདོ་དོན་ནི། ཛཱ་ཏི་ཞེས་པ་རྒྱ་སྐད་དེ། བོད་སྐད་དུ་སྣ་མ་ཞེས་པར་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར། འཆི་མེད་མཛོད་ཀྱི་རྒྱ་དཔེ་ལས། སུ་མ་ནཱ་མཱ་ལ་ཏཱི་ཛཱ་ཏི་སཔྟ་པཱ་ན་བ་མཱ་ལི་ཀ ཞེས་ཡོད་པ་བོད་སྐད་དུ། ཡིད་བཟང་སྣ་མའི་མེ་ཏོག་དང་།། ཛཱ་ཏི་འདབ་བདུན་གཞོན་ནུའི་ཕྲེང་།། ཞེས་རྣམ་གྲངས་སུ་བསྒྱུར་ཞིང་། དེའི་འགྲེལ་པ་འདོད་འཇོར། དེས་ན་སུ་མ་ནཱ་ལ་སོགས་པ་གསུམ་ནི་ཛཱ་ཏིའི་ཤིང་གི་མིང་སྟེ། སུ་མ་ནཱ་ནི་ཡིད་བཟང་མ་དང་། མཱ་ལ་ཏི་ནི་ཕྲེང་བ་ཅན་དང་། ཛཱ་ཏི་ནི་སྣ་མ། ཞེས་ཛཱ་ཏིའི་ཤིང་ངོས་བཟུང་ནས། དེའི་འབྲས་བུ་བཤད་པ་ལ། རྒྱ་དཔེར། ཛཱ་ཏི་ཀོ་ཎྜྷ་ཛཱ་ཏི་ཕ་ལ། ཞེས་པ་ལ། ཛཱ་ཏི་སྦུབས་ཅན། ཛཱ་ཏིའི་འབྲས་བུ་ཞེས་བསྒྱུར་ལ། དེའི་འགྲེལ་པར། དེ་ནས་ཛཱ་ཏིའི་མིང་ལ། ཛཱ་ཏིའི་སྣ་མའམ། སྲི་ཤིང་སྣ་མ་དང་། ཀོ་ཎྜྷ་སྦུབས་ཅན་དང་། ཛཱ་ཏི་ཕ་ལ་ཛཱ་ཏིའི་འབྲས་བུ་སྟེ། སྤོས་ཀྱི་རྒྱལ་པོའི་ལིག་ཤི་བེར་ཞེས་པའོ།། ཞེས་དང་། སྒྲ་སྦྱོར་ངེས་པར། ཛཱ་ཏི་ཕ་ཏྲི་དང་། ཛཱ་ཏི་ཀོ་ཎྜྷ་དང་། སུ་མ་ནཱ་དང་། སལྨཀ་དང་། མཱ་ལ་ཏི་དང་། ས་ཀྲི་ཀ་དང་། སོ་མ་ན་དང་། ནི་ཤ་མི་ནི་དང་། དེ་དག་ནི་ཛཱ་ཏི་བརྟའི་མིང་། ཞེས་སྣ་མའི་མེ་ཏོག་བསྟན་ནས་དེའི་འབྲས་བུ་སྟོན་པ་ལ། ཛཱ་ཏི་ཕ་ལ་དང་། ཛཱ་ཏི་ཤ་སྱེ་དང་། ཤ་ལུ་ཀ་དང་། མཱ་ལ་ཏི་ཕ་ལ་དང་། ཛཱ་ཏི་མྲྀ་ཏཾ་དང་། སུ་ཊཻ་སྃ་མནྲ་དང་། ས་ཕ་ལ་མ་དང་། དེ་དག་ནི་ཛཱ་ཏི་ཕ་ལའི་མིང་། ཞེས་བཤད་ཅིང་། དབྱེ་བ་ནི། དཀའ་འགྲེལ་ལས། དབྱེ་བ་ཛཱ་ཏི་རིགས་གཉིས་ཏེ། ཆེ་ཞིང་ཅུང་ཟད་སྣུམ་པ་དང་། ཆུང་ཞིང་རྡོག་ཏུ་འདྲིལ་བའོ།། གཉེར་མ་ཅན་ནི་མ་སྨིན་པ། ལང་ཀའི་གླིང་ནས་འོང་བ་དང་། གླིང་གཞན་དག་ནས་འོང་བ་ཡིན། ཞེས་གསུངས་པས། ལང་ཀ་པུ་རི་ཞེས་པའི་སྲིན་ཡུལ་ནས་འོང་བ་དང་། གླིང་གཞན་སྀག་ལ་དང་། མ་ལ་ཡ་དང་། ཤང་ཤང་གི་གླིང་སོགས་ནས་འོང་བ་ཡིན་ཏེ། བྱུང་ཚུལ་ཡང་། དེ་ཉིད་ལས། ཛཱ་ཏི་ལང་ཀ་མ་ཞེས་པ། རྡོ་རྗེ་གདན་དུ་སྲིན་པོ་རྣམས།། དུས་བཟང་མཆོད་པ་ཕུལ་དུས་གསོལ།། འབྱུང་པོ་གདུག་པས་དོན་དུ་བསྲེག། རང་གི་ཡུལ་ལ་ལོ་མ་དག། ཛམྦུ་གླིང་པ་རྣམས་ཀྱིས་བླང་།། ཞེས་གསུངས་པ་བཞིན། ལང་ཀའི་སྲིན་པོས་རྡོ་རྗེ་གདན་དུ་མཆོད་པར་ཕུལ་བའི་ཕུང་པོ་ལ་འབྱུང་པོ་གདུག་པས་ཕྲག་དོག་གིས་མེ་བརྒྱབ་པས་མེས་ཚིག་པ་མང་པར་བཤད། དེ་དག་སོ་སོར་ཇི་ལྟར་བརྟག་ན། དེ་ཉིད་ལས། ཛཱ་ཏི་ཆེ་ཆུང་གོ་ཡུ་ཙམ།། བཅག་ན་དཀར་སྨུག་འདྲེས་པ་འོང་།། བསྲེགས་དང་བསྣམས་ན་དྲི་མ་ཞིམ།། ཕྱི་སྐོགས་འདུག་ན་ཕྲལ་ནས་བརྟགས།། ལང་ཀ་མ་ནི་མེས་ཚིག་འདྲ།། ཡང་ན་སྣུམ་ཞིང་ལྕི་བ་ཡིན།། ཞེས་དང་། གླིང་གཞན་ལས་འོངས་དེད་དཔོན་དང་། ཤང་ཤང་སོགས་ཀྱིས་ཁྱེར་ནས་འོང་། མ་ལ་ཡ་ནས་བྱུང་བའང་ཡོད།། ཅེས་སོ།། དེར་ཡང་། སྀ་ག་ལ་སོགས་དཀར་ཞིང་ཆུང་།། ཞེས་གསུངས། ཡང་བཟང་ངན་དེ་ཉིད་ལས། ཛཱ་ཏི་སྲ་མཁྲེགས་རབ་ལྕི་ཞིང་།། སྣུམ་ལ་དྲི་ཆེ་རོ་ཚ་བཟང་།། དེ་ལས་ལྡོག་པ་ངན་པ་ཡིན།། ཞེས་དང་། དེ་ཉིད་ལས། ཛཱ་ཏི་མཁལ་མ་གོ་ཡུ་འདྲ། ཞེས་དང་། འདྲ་དཔེར་ཡང་། ཛཱ་ཏི་སྲེག་པའི་སྒོ་ང་འདྲ།། གསུངས། འདྲ་ཡིག་དུང་མིག་ལས། ཛཱ་ཏི་མི་མགོ་སྐམ་པོ་འདྲ།། ཞེས་གསུང། ཛཱ་ཏིའི་མེ་ཏོག་ལ། བནྡྷུ་ཛི་བ་ཀ་ཡང་ཟེར། མེ་ཏོག་རབ་ཏུ་དམར་བ་ཞིག་གོ
     འབུ་ཤག་ཟངས་ཀྱི་བུམ་པ་ལས། རྒྱ་གར་སྐད་དུ། ཤུག་དུ་སྶྐྲྀ། རྒྱ་ནག་གིས་ཞི་དེའུ་ཧ་དང་ལིག་ཤི་བེར། བོད་དུ་སྤོས་ཀྱི་རྒྱལ་པོ། སྟག་གཟིག་ཕྲོམ་དུ་སྲི་ཤིང་། མི་ཉག་ཏུ་སྣ་མ་ཟེར་བར་བཤད།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཛཱ་ཏི་ཞེས་པ་ལ་མཆོག་དང་ཕལ་བ་གཉིས་ལས། ཛཱ་ཏི་ཕ་ལ་ནི་ཛཱ་ཏི་བཟང་པོ་མཆོག་གོ། ཕལ་བ་ནི་གོ་བར་ཟད་ལ། མིང་ནི། ལིག་ཤི་བེར་ཞེས་པ་དང་། བྷ་ཏྲ་ཛཱ་ཏི། ཛཱ་ཏི་ཕ་ལི། རླུང་འཇོམས་གཙོ་བོ་ཞེས་གྲགས།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཛཱ་ཏི་སྲེག་པའི་སྒོ་ང་འདྲ།།
     སྨན་མིང་རྒྱ་མཚོ་ལས། ཛཱ་ཏིས་སྙིང་གི་ཚད་པ་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཛཱ་ཏི་ལིག་ཤི་བེར་ཟེར་རོ་བསྐ་ཞུ་རྗེས་དྲོ་ལ་སྙོམས།། ནུས་པ་ལྕི་སྣུམ་རླུང་ནད་སྙིང་ནད་འཇོམས།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། ཛཱ་ཏི་བཏེགས་ན་རབ་ལྕི་ཞིང་།། སྣུམ་འགྲིལ་དྲི་ཆེ་རོ་ཚ་བཟང་།། ཕ་ལ་ཞེས་བྱ་ཛ་ཏི་ཡིན་ཛ་ཏི་ཆུང་ངུ་ཡོད།། སྐྱོད་ན་ཁྲོག་ཁྲོག་ཟེར་བ་ཡིན།། སྡིར་ཕོལ་ཞེས་པ་ཛཱ་ཏི་མིང་།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཛཱ་ཏི་རོ་ཚ་ཞུ་རྗེས་དྲོ་བ་སྟེ།། དྲོ་སྐྱེས་ཟས་འཇུ་རླུང་འཇོམས་སྙིང་རླུང་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཛཱ་ཏི་ལ། ཛཱ་ཏིའི་སྣ་མ། སྲི་ཤིང་སྣ་མ། ཛཱ་ཏི་ཕ་ལ། ཛཱ་ཏི་མྲྀ་ཏཾ། ལིག་ཤེར་བེར་སྤོས་ཀྱི་རྒྱལ་པོ། སྦུབས་འབྲས། རླུང་འཇོམས་གཙོ་བོ་སོགས་དང་། དེའི་མེ་ཏོག་ལ་བནྡྷུ་ཛི་བ་ཀ་ཟེར། ཛཱ་ཏི་ནི། ལ་ལས་ཤིང་སྣ་མ་ཞེས་པ་རྐང་དཀར་པོ་ལོ་མ་ལྗང་ལ་མེ་ཏོག་སེར་བའི་འབྲས་བུ་དུ་སྨུག་དཀྲོགས་ན་ཀྲོག་གི་སྒྲ་འདོན་པ་ལ་འདོད་ཀྱང་དེ་མིན་ལ། འོན་ཀྱང་ནོར་སོ་ཆུང་བ་དེས་རླུང་འཇོམས་ཤིང་སྙིང་ནད་སེལ།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ཛཱ་ཏི། སྐྱེ་ལྡན་ཏེ། བོད་དག  ཛཱ་ཏི། ཤིང་སྡོང་། ཛཱ་ཏི་མུ་ལ། དེའི་མེ་ཏོག ཛཱ་ཏི་ཕ་ལ། འབྲུའོ་ཞེས་ཟེར་བ་ནི་ཚོད་གཏམ་སྟེ། ཛཱ་ཏི་ལ་མེ་ཏོག་སེར་པོ་འཐུག་ཉམས་ཅན་ཛཱ་ཏིའི་བྲོ་བ་ཡོད། མེ་ཏོག་གི་ཤུལ་དུག་གང་བུ་སྔོན་པོ་སྙིམ་པ་ཙམ་བཟར་རུང་བ་འབྱུང་། དེའི་ནང་དུ་ཛཱ་ཏི་འདི་རྣམས་རུས་པའི་རྣམ་པར་ཡོད། རྒྱ་དཀར་ནག་གི་མཚམས་ནས་འབྱུང་། ཛཱ་ཏི་མཱ་ལཱ། སྟེ་སྣ་མའི་མེ་ཏོག་ནི། རྒྱ་གར་དང་བལ་ཡུལ་གྱི་མཐའ་སོགས་སུ་སྐྱེ་བའི་ཤིང་ཕྲ་མོ་སྡོང་ལོ་ལྗང་སྔོན་ལྕ་བའི་ལོ་མ་འདྲ་རུང་བ། མེ་ཏོག་དཀར་ཆུང་དྲི་བཟང་ཅན། སྲི་ཤིང་སྣ་མ་ཞེས་གྲགས་པ་སྟེ། དེས་ན་ཛཱ་ཏི་དང་འདི་གཉིས་ཤིན་ཏུ་ཐ་དད་པ། ཛཱ་ཏི་ཕ་ལ་མཆོག་བཟང་པོ་ཡིན། ཛཱ་ཏི་དམན་པ། ཛཱ་རྫུས། ཛཱ་ཏིའི་མེ་ཏོག
     མཛེས་མཚར་མིག་རྒྱན་ལས། སྙིང་གི་བཟང་པོ་ཛཱ་ཏི་ནི། རྒྱ་སྐད་དུ་ཛཱ་ཏི་ཕ་ལ། བོད་སྐད་དུ་སྣ་མའི་འབྲས་བུ་ཞེས་བྱ་བ་ཕྲོམ་དུ་སྲི་ཤིང་སྣ་མ་ཡང་ཟེར་བ་སྲིན་ཤིང་སྣ་མ་མིན།
     རྩིས་ཉི་ཟླའི་འཁོར་ལོ་ལས། ཛཱ་ཏི་ཕ་ལ་སྣུམ་ལ་ལྕི་བས་སྙིང་ནད་སྟོང་བ་སེལ།། ཞུ་རྗེས་བསིལ་དུ་འགྲོ་བས་མཁལ་ནད་ཅན་ལ་ངན།། ཞེས་པས་རླུང་འཇོམས་སྙིང་ནད་སེལ།།

གོང་ངོས། ཡིག་ཆ་མི་འདུག
X