>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

བྲག་ཞུན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 15:42:07 ཀློག་གྲངས། 388

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན།།ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བའི་མཆོག།  ཅེས་པར། རིན་སྤུངས་ལས། བྲག་ཞུན་བསིལ་ལ་རྣོ་བས་མཆིན་ནད་རྙིང་པ་སེལ།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས།ཤི་ལ་ཛ་དུར་ཆུ་སྲི་སེལ།། མཆིན་པའི་ཚ་བ་སེལ་བའི་མཆོག། ཅེས་གསུངས་པའི་མིང་ནི།ཤི་ལ་ཛཱ་ཏུར། ཤི་ལ་ཛ་དུར། ཨ་གྷི་རི། གབ་མིང་དུ། སྲིད་པའི་བྱང་སེམས་དམར་པོ། ཨུ་མའི་མངལ་ཁྲག བྲག་དར་ཡ་ཀན། ཁྲག་དར་ཡ་ཀན། བྲག་གི་ཁྲག བྲག་གི་རུ་དྷི་ར། ཁྲག་འདྲ། བྲག་གི་རཀྟ། ས་སྟེང་ནད་འཇོམས། བྲག་གི་བདུད་རྩི། འབྱུང་བའི་ཁྲག རིན་ཆེན་བཅུད། སྲིད་པའི་ཁམས་དམར། ཁམས་ལྔའི་བཅུད་སྨན། མཆིན་མཁྲིས་ནད་སེལ། མཆིན་པའི་རྩི་རྣམས་ཟེར། བྱུང་ཁུངས་ནི། གོང་དུ་ཅོང་ཞིའི་སྐབས་བདུད་རྩི་བུམ་པ་ལས་བྱུང་བའི་ལུང་གི་འཕྲོས་སུ། དམར་པོ་ངོ་ཚ་བྲག་ལ་བྲོས།། བྲག་ལས་དྲོད་སྐྱེས་བྲག་ཞུན་བྱུང་།། ཞེས་ཅོང་ཞི་བྲག་ཞུན་མཚལ་དངུལ་ཆུ་ཁུངས་གཅིག་པར་རང་སྐབས་ཐོར་ཙམ་བཤད་པ་གོ་བསྒྲིག་པས་གསལ། དེ་ཡང་།ཡན་ལག་བརྒྱད་པར། སོས་ཀ་ཚད་པས་གདུངས་བྲག་ལས།། གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད།། རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང་།། དེ་ནི་བྲག་ཞུན་ཞེས་སུ་བཤད།། ཅེས་གསུངས་པས། ལུང་བ་ཁ་བྱང་དུ་བསྟན་པའི་བྲག་གི་གས་གསེང་སྲུབ་སོགས་ནས་བུར་ཞུན་ལྟར་བྲག་གི་བཅུད་ཞུ་བ་གཅིག་ཏུ་འགྲིལ་ནས་འབབ་པ་ཡིན་ཏེ། དེ་ལའང་རིགས་དྲུག་དང་། བཞི་དང་། ལྔ་ལ་སོགས་པར་བཤད་པ་ནི། དེ་ཉིད་ལས། གསེར་དང་དངུལ་དང་ཟངས་ལྕགས་ཚོན་མོ་སྟ།། ཞ་ཉེ་དང་ནི་རྣམ་པ་དྲུག་རྣམས་ཀྱི།། ཁམས་རྣམས་ལས་ནི་རང་རང་ཁུ་བ་འཛག། ཅེས་པས། གསེར་ཞུན། དངུལ་ཞུན། ཟངས་ཞུན། ལྕགས་ཞུན། ཚོན་མོ་སྟ་ཞུན། ཞ་ཉེའི་ཞུན་དང་དྲུག་གོ། དེ་དང་མཐུན་པར་ཁར་ལྟའི་གཞུང་ལས། བྲག་ལ་སོས་ཀའི་ཉི་མས་རབ་གདུངས་ནས།། གསེར་དང་དངུལ་དང་ཟངས་ལྕགས་ཚོན་མོ་སྟ།། ཞ་ཉེ་དང་ནི་རྣམ་པ་དྲུག་རྣམས་ཀྱི།། ཁམས་རྣམས་ལས་ནི་རང་རང་ཁུ་བ་འཛག། ཅེས་འབྱུང་ངོ་།། རིགས་བཞིར་གསུངས་པ་ནི།བདུད་རྩི་བམ་བརྒྱད་ལས། ཤར་ལྷོ་ནུབ་བྱང་གར་ཡང་འབྱུང་།། བྲག་ཕུག་སྟོང་པ་ཡོད་པ་ལས།། བདུད་རྩི་ཞུ་བ་འཛག་པ་ནི།། རིན་ཆེན་སྣ་ཚོགས་འབྱུང་བ་སྟེ།། ཞེས་པས། འདིར་ཡང་རིགས་ཀྱི་ཡུམ་བཞིའི་རཀྟ་ཟགས་པར་བཤད་པས།ཕྱོགས་བཞིའི་ཡུམ་བཞིའི་རང་བཞིན་རིན་པོ་ཆེ་སྣ་བཞིའི་ཁུ་བ་འཛག་པ། གསེར་དངུལ་ཟངས་ལྕགས་བཞིའི་མདོག་འབྱུང་བར་བཤད་པ་དང་། རིགས་ལྔར་བཤད་པ་ནི་དཔལ་ལྡན་རྒྱུད་བཞིའི་དགོངས་པ་སྟེ། ཚོན་མོ་སྟ་ཞེས་ཞ་ཉེ་དཀར་པོ་འམ་གཤའ་ནག་ལ་ཟེར་བས་དཀར་ནག་གི་ཁྱད་ཙམ་མ་གཏོགས་གཅིག་པས་ན་འདིར་ཡང་གཅིག་ཏུ་བསྡུས་པས་ལྔ་སྟེ། འགྲེལ་པར། གསེར་ཞུན་དམར་སེར་མངར་ཁ་ཚེ་རིང་གསོས།། དངུལ་ཞུན་མདོག་དཀར་ཁ་མངར་མཛེ་ནད་འཇོམས།། ཟངས་ཞུན་དམར་ལྗང་ལན་ཚྭ་རྣག་ཁྲག་སྐེམས།། ལྕགས་ཞུན་མདོག་ནག་པ་གཅིན་མཆིན་ནད་སེལ།། ཞ་ཉེ་ཁ་དོག་དྲི་རོ་དེ་ལས་དམན།། ཞེས་དང་། ཡང་གསེར་ལས་བྱུང་བའི་བྲག་ཞུན་ཁ་དོག་དམར་སེར། རོ་མངར་ཁ། ནུས་པ་བསིལ་སྣུམ། ནད་རླུང་མཁྲིས་སེལ་ཞིང་ཚེ་སྲིངས་བྱེད། དངུལ་ལས་བྱུང་བ་ཁ་དོག་དཀར་པོ། རོ་ཁ་མངར། ནུས་པ་བསིལ་སྐམ། ནད་ཆུ་སེར་ནད་དང་མཛེ་ནད་སེལ། ཟངས་ལས་བྱུང་བ་ཁ་དོག་རྨ་བྱའི་མགྲིན་པ་འདྲ་བ། རོ་ཁ་ཚ། ནུས་པ་བསིལ་ཡང་། ནད་བད་མཁྲིས་སེལ་ཞིང་རྣག་ཁྲག་སྐེམས། ལྕགས་ལས་བྱུང་བ་ནི་ཁ་དོག་ནག་པོ། རོ་ཁ་ཞིང་ཅུང་ཟད་ལན་ཚྭ་བ། ནུས་པ་ཚ་ལ་རྣོ།ནད་བད་ཀན་ནད་དང་མཆིན་ནད་སེལ། ཞ་ཉེ་དཀར་ནག་རང་རང་གི་མདོག་དང་མཚུངས་ལ། རོ་ནུས་བྱེད་ལས་ལྕགས་ལས་ཅུང་ཟད་དམན་པའོ།། ཞེས་བཤད་དོ།། དེ་ལྟར་རྩ་བའི་རིགས་ལྔ་མ་འཁྲུལ་བར་ངོས་བཟུང་ནས། དེ་ལྔ་ཙམ་ལ་བློ་ཕྱོགས་གཅིག་ཏུ་གཏད་ནས་བསྡད་པས་ངོས་མི་ཟིན་ཏེ། སྔར་ཅོང་ཞིའི་སྐབས་སུ་བཤད་པ་བཞིན། རིགས་གཉིས་རེ་འདྲེས་པ་དང་། གསུམ་རེ་འདྲེས་པ་དང་། བཞི་རེ་འདྲེས་པ་དང་། ལྔ་ཀ་འདྲེས་པའི་དབྱེ་བ་དང་། དེ་དག་ཀྱང་མཆོག་དང་།རབ་དང་། འབྲིང་དང་། ཐ་མ་སྟེ་བཞིས་བསྒྱུར་པའི་དབྱེ་བ་བརྒྱ་དང་བཅོ་ལྔ་ནི་ངེས་པར་ཤེས་དགོས་སོ།། དེའི་ཤུགས་ཀྱིས་ཆ་ཤས་ཆེ་ཆུང་གི་དབྱེ་བ་དཔག་ཏུ་མེད་པའང་ལེགས་པར་བརྟགས་པས་རང་ཤུགས་ཀྱིས་ཤེས་པར་འགྱུར་ཏེ། རྒྱུད་ལས། ལེགས་པར་དཔྱད་ན་མངོན་ཤེས་ཕྲ་མོ་འཆར་ཞེས་སོ།། དེ་ཡང་། མ་ལ་ཡ་འགྲེལ་ལས། དེ་ལས་ཕན་ཚུན་གཉིས་འདྲེས་དང་།། གསུམ་དང་བཞི་དང་ལྔ་འདྲེས་དང་།། མཆོག་རབ་འབྲིང་དང་ཐ་མ་ལས།། དབྱེ་བ་བརྒྱ་དང་བཅོ་ལྔ་དང་།། ཆ་ཤས་ཆེ་ཆུང་གིས་དབྱེ་བ་ལས།། བྱེ་བྲག་རྣམ་པ་དུ་མར་འགྱུར།། རྐྱང་པ་ལྔ་ལས་གཉིས་འདྲེས་བཅུ། གསེར་ཞུན་བཞི་སྟེ་དངུལ་ཞུན་བཅུ། ཟངས་དང་ཞ་ཉེ་འདྲེས་པ་གཉིས།། གསུམ་གསུམ་འདྲེས་པས་བཅུ་ཡིན་ཏེ།། གསེར་འདྲེས་ལྔ་དང་ལྕགས་འདྲེས་གཅིག། གཅིག་ལྡན་ལྔ་དང་རེ་རེ་ནས།། མ་གཏོགས་བཞི་བཞི་འདྲེས་པ་གསུམ།། རིགས་ལྔ་ཐམས་ཅད་འདྲེས་པ་གཅིག། ཅེས་འཕྲུལ་ལུགས་གསུངས་པ་འདི་ལ་རྡེའུ་བཀྲམ་པས་རྟོགས་སླ་བ་ཡིན། སླར་ཡང་རྩ་བའི་རིགས་ལྔ་གསལ་བར་གསུངས་པ་ནི། དཀའ་འགྲེལ་དེ་ཉིད་ལས། གསེར་ལས་བྱུང་བ་དོམ་མཁྲིས་འདྲ།། ཁུ་བ་གུར་ཀུམ་ཆུ་དང་འདྲ།། རོ་ནི་མངར་ཞིང་ཅུང་ཟད་ཁ།། གསེར་གྱི་གཡའ་འདྲ་བྲོ་བ་ཡིན།། དངུལ་ལས་བྱུང་བའི་བྲག་ཞུན་ནི།། ཁ་དོག་དྭངས་སྐྱ་ཞོ་སྤྲིས་འདྲ།། རློན་དུས་འོ་མའི་སྤྲིས་མ་འདྲ།། རོ་ཁ་ཅུང་ཟད་དངུལ་དྲི་བྲོ།། ཟངས་ཞུན་དམར་ཞིང་ཅུང་ཟད་ལྗང་།། རློན་དུས་ཁ་དོག་དམར་སྐྱ་འབྱུང་།། རོ་ཁ་ལན་ཚྭ་ཅུང་ཟད་བྲོ།། ཟངས་ཀྱི་དྲི་རོ་ཅུང་ཟད་ཡོད།།
     ལྕགས་ལས་བྱུང་བའི་བྲག་ཞུན་ནི།། ཁ་དོག་སྔོ་ནག་རློན་པའི་དུས།།རམས་ཁུ་འདྲ་ཞིང་རོ་དང་དྲི།། ལན་ཚྭ་བྲོ་ཞིང་ཅུང་ཟད་ཁ།། ལྕགས་ཀྱི་དྲི་མ་ཅུང་ཟད་མནམ།། ཞ་ཉེ་དངུལ་གྱི་མདོག་མཚུངས་ཤིང་།། རློན་དུས་ཞོ་ཡི་ཁ་ཆུ་འདྲ།། ལྕགས་མཚུངས་ཅུང་ཟད་ནུས་དམན་ནོ།། ཞེས་རྩ་བ་ལྔ་དང་། དེ་ལས་མཆོག་རབ་སོགས་དབྱེ་བ་ཡང་། དེ་ཉིད་ལས། གསེར་བྱུང་མཆོག་ནི་སྤོས་ཤེལ་འདྲ།། རབ་ནི་དོམ་མཁྲིས་མདོག་ཅན་ནོ།། འབྲིང་ནི་བུ་རམ་མདོག་ཅན་དམར།། ཐ་མ་ཆང་གི་ཉིང་ཁུ་འདྲ།། རོ་ནི་གོང་ལས་རིམ་པས་དམན།། རློན་དུས་རིམ་པས་འོག་མ་ལས།། གོང་མ་གོང་མ་ཁ་དོག་དྭངས།།། དངུལ་ཞུན་མཆོག་ནི་ཅུ་གང་གི། ཕྱེ་མ་ཆུ་ཡིས་གང་བ་འདྲ།། རབ་ནི་སྦྲང་རྒོད་དཀར་པོ་འདྲ།། འབྲིང་ནི་འབྲས་ཕྱེའི་ཟན་སྐམ་འདྲ།། ཐ་མ་བག་ཟན་སྐམ་པོ་འདྲ།། རློན་དུས་རོ་གསལ་དྲི་མ་མནམ།། ཁ་དོག་དཀར་དམར་རིམ་པ་བཞིན།། གོང་ལས་འོག་མ་དྭངས་པའོ།། རོ་ནི་གོང་ལས་འོག་མ་དམན།། ཟངས་ཞུན་མཆོག་ནི་མན་ཤེལ་འདྲ།། རབ་ནི་ཙནྡན་དམར་པོ་འདྲ།། འབྲིང་ནི་ཡུགས་རྡོ་དམར་པོ་འདྲ།། ཐ་མ་ཁྲག་སྐམ་དྲོས་པ་འདྲ།། ཁ་དོག་རོ་རྣམས་རློན་པའི་དུས།། མངར་དང་ལན་ཚྭ་ཅུང་ཟད་ཁ།། ཁ་དོག་རིམ་བཞིན་གོང་མ་དངས།། རོ་ནི་དེ་ལས་ལྡོག་པའོ།། ལྕགས་ཞུན་མཆོག་ནི་རྐྱགས་རམས་སམ།། རྒྱ་སྣག་འདྲེས་པའི་རམས་དང་མཚུངས།། རབ་ནི་ཁྲག་སྐམ་རྡོག་པོ་འདྲ།། འབྲིང་ནི་ཁང་པའི་དུད་ཁྲག་འདྲ།། ཐ་མ་འདམ་ནག་གོང་བུ་འདྲ།། རློན་དུས་ཁ་དོག་རིམ་བཞིན་དྭངས།། རོ་ཁ་ཅུང་ཟད་ལན་ཚྭ་བྲོ།། རོ་ནི་རིམ་པས་འོག་མ་དམན།། ཞ་ཉེ་མཆོག་ནི་རྡོ་ལོ་འདྲ།། རབ་ནི་རྡོ་སྔོན་དུམ་བུ་འདྲ།། འབྲིང་ནི་ཆུ་བ་སྐམ་པོ་འདྲ།། ཐ་མ་ལྕགས་ནག་དུམ་བུ་འདྲ།། རློན་དུས་ཁ་དོག་རིམ་པས་དྭངས།།། རིམ་བཞིན་ཆུ་དང་རྦ་རླབས་དང་།། ཁ་ཆུ་བ་ཆུ་སྣག་ཚ་འདྲ།། མཆོག་དམན་རིམ་བཞིན་རང་རང་གི། གཡའ་དྲི་ཆེ་ཆུང་བྲོ་བ་ཡིན།། ཞེས་དང་། འདུས་པ་ལ་ཡང་། རིགས་ལྔ་འདུས་པ་མཆོག་གི་མདོག། སྣ་ཚོགས་ཟེར་འཕྲོ་དྲི་དང་རོ།། དབྱར་དུས་བ་ཆུ་འདྲ་ལ་མངར།། ཆེར་དུས་ཚོས་སྣ་འདྲེས་པ་འདྲ།། རབ་ནི་རྒྱ་ཚོས་ཁཎྡྲི་འམ།། ལྕགས་ཀྱི་སོལ་རྡོག་འདྲ་བའོ།། རློན་དུས་ན་ཆུང་ཆུ་དང་འདྲ།། འབྲིང་ནི་ཚིགས་མ་སྐམ་པོ་འདྲ།། རློན་པའི་མདོག་ནི་དེ་དང་མཚུངས།། ཐ་མ་བུར་སྣག་འདྲེས་པ་འདྲ།། རིམ་བཞིན་དྲི་རོ་དམན་པ་ཡིན།། འདུས་རིགས་དྲི་རོ་མྱོང་བ་ནི།། སྲེད་འཕེལ་འགྱུར་གཉིས་འདྲེས་པ་ཡིན།། ཁ་དོག་དྲི་རོ་གཉིས་གཉིས་གསལ།། ཁ་ཅིག་འདྲེས་པ་དེ་དང་མཚུངས།། ཤས་ནི་ཆེ་ཆུང་དབང་གིས་ནི།། ཁ་དོག་དྲི་རོ་ཆེ་ཆུང་འབྱུང་།། ཞེས་གསུངས་ལ། ཡང་སྤྱིར་བཟང་ངན་ཀྱང་། དེ་ཉིད་ལས། སྤྱིར་ནི་ཁ་དོག་དྲི་རོ་གསལ།། ཆུ་ལ་སྦྱར་ན་སྙིགས་མ་མེད།། བཏེག་ན་ལྕི་ཞིང་མཁྲེགས་པ་བཟང་།། དྲེག་མཁྲེགས་འཇམ་ཞིང་དྲོ་ན་བཟང་།། གཡང་ས་ཆེ་བའི་ངོས་བྱུང་བཟང་།། ས་རྡོ་སེམས་ཅན་བྲུན་མ་འདྲེས།། བྱིན་རླབས་ཅན་གྱི་གནས་བྱུང་བཟང་།། དེ་ལས་ལྡོག་པ་ངན་པ།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། བྲག་ཞུན་ཞེས་པ་ལ་རིན་པོ་ཆེ་སྣ་ལྔའི་ཁམས་སུ་དབྱེ་བས་ལྔར་ངེས་ལ་མིང་ནི་ཤི་ལ་ཛ་ཏུ། དབུ་མའི་མངལ་ཁྲག ས་སྟེང་ནད་འཇོམས།། བྲག་གི་བདུད་རྩི།། མཆིན་མཁྲིས་ཚད་སེལ་ཞེས་སོགས་གྲགས་ལ།། བྱ་མ་བྱེའུའི་བྲུན་དུ་འདོད་པ་ལ་སོགས་ནོར།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། བྲག་ཞུན་རྣམས་ཀྱི་འབྱུང་ཁུངས་དང་།། ངེས་ཚིག་མངོན་བརྗོད་དབྱེ་བ་དང་།། ངོས་འཛིན་བཟང་ངན་ནུས་པ་དང་།། བསྟེན་ཐབས་རྣམ་པ་བརྒྱད་ཀྱིས་བཤད།།དང་པོ་བྲག་ཞུན་འབྱུང་ཁུངས་ནི།། རང་བཞིན་གྱིས་ནི་ས་རྡོ་ཀུན།། ཕྱི་རོལ་ཁམས་བཅུད་གཉིས་དང་ལྡན།། དཀར་པོ་གོང་དུ་བཤད་ཟིན་པ།། དམར་པོ་བྲག་ཞུན་བཤད་བྱ་བ།། སྔོན་གྱི་བསྐལ་པ་དང་པོ་ལ།། ལྷའི་བུ་ཡིད་བཞིན་ནོར་བུ་དེ།། གངས་རིའི་ནགས་འདབ་མཚོ་འགྲམ་དུ་འགྱིང་།།བྲག་དཀར་པོའི་སྟེང་དུ་བབས།། ལྷ་ཀླུ་སྡེ་བརྒྱད་བུ་མོ་མཐོང་།། ཡིད་འགྱུར་ཆགས་སྐྱེས་སྐུ་ལ་འཁྲིལ།། ཞལ་གྱིས་ཞལ་གྱི་ལྗགས་ལ་འཇིབ།། དགའ་བའི་གར་དང་པདྨའི་འགྲོས།། ཀུན་ནས་ཡིད་གཡོས་དཀར་དམར་ཤོར།། དམར་པོ་ངོ་ཚ་བྲག་དམར་བྲོས།། བྲག་ལས་དྲོད་སྐྱེས་བྲག་ཞུན་འབྱུང་།། ཞེས་པ་བདུད་རྩི་བུམ་པའི་ལུང་།། གཞན་དད་པ་རྣམས་རིན་པོ་ཆེའི།། ཁམས་དང་འདྲེས་ནས་གནས་པ་ལས།། ལྷག་པར་བྲག་ལ་ཤས་ཆེར་ཆགས།། གསེར་དངུལ་ཟངས་ལྕགས་ཞ་ཉེ་ལྔའི།། བཅུད་རྣམས་ཞུན་དུ་ཕྱིར་ཐོན་པ།། དེ་ནི་བྲག་ཞུན་ཞེས་སུ་བཤད།། ངེས་ཚིག་སྙིང་པོ་བསྡུས་པ་ལས། སོས་ཁ་ཉི་མས་གདུངས་བྲག་ལས།། གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད།། རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང་།། བྲག་ཞུན་ཞེས་ནི་བཤད་པ་ཡིན།། རིན་ཆེན་བྲག་བཞིན་བྲག་གི་ཞུན།།འཛག་ལས་བྱུང་ཕྱིར་བྲག་ཞུན་ཟེར།།ཡང་ན་ཤི་ལ་ཛཱ་ཏུ་སྟེ།། འབྱུང་བའི་ཁྲག་ཅེས་བྱ་བ་ཡིན།། མིང་འདི་དོན་དང་མཐུན་པས་ན།། བྲག་ཞུན་ཞེས་བྱ་རྒྱུ་མཚན་ཅན།།
     བྲག་ཞུན་རིན་པོ་ཆེ་ཡི་བཅུད།།བྲག་ཞུན་བྲག་གི་བདུད་རྩི་དང་།།སྲིད་པའི་ཟླ་མཚན་སྲིད་ཁམས་དམར།།ས་བཅུད་བྱང་སེམས་དམར་པོ་དང་།།ཤི་ལ་ཛཱ་ཏུ་ཁམས་ལྔའི་བཅུད།།། སྨན་ཨ་ཝ་ཞེས་བྱ་བ་དང་།། ཅོང་ཞིའི་དགའ་མ་ཤ་བའི་གསོས།། ས་ཡི་དངས་མ་བྲག་ལས་སྐྱེས།། འདི་ཡི་མིང་གི་རྣམ་གྲངས་ཡིན།།
     དབྱེ་བ་མང་དུ་ཡོད་ནའང་།། རྩ་བའི་དབྱེ་བ་རྣམ་པ་ལྔ།། ཁ་རོ་རྡོ་ཡི་གཞུང་ཆེན་ལས།། གསེར་དངུལ་ཟངས་ལྕགས་ཚོན་མོ་སྟེང་།། ཞ་ཉེ་དང་ནི་རྣམ་དྲུག་གི། ཁམས་རྣམས་རང་རང་ཁུ་བ་འཛག། འདི་ནི་བྲག་ཞུན་ཞེས་བརྗོད་ཡིན།། ཞ་ཉེ་དང་ནི་ཚོན་མོ་སྟེང་།། དཀར་ནག་མ་གཏོགས་རིགས་གཅིག་ཡིན།། དེས་ན་བྲག་ཞུན་རིགས་ལྔའོ།། རྩ་བ་རྣམ་ལྔ་དེ་ཉིད་ལས།། ཕན་ཚུན་གཉིས་འདྲེས་བྲག་ཞུན་དང་།། གསུམ་དང་བཞི་དང་ལྔ་འདྲེས་དང་།། མཆོག་རབ་འབྲིང་དང་ཐ་མ་ལས།།། དབྱེ་བ་བརྒྱ་དང་རྩ་ལྔ་དང་།། ཆ་ཤས་ཆེ་དང་ཆུང་བ་ཡིས།། བྱེ་བྲག་རྣམ་པ་དུ་མར་འགྱུར།། དེ་ལས་རྐྱང་པ་རྣམ་པ་ལྔ།། གཉིས་གཉིས་འདྲེས་པ་བཅུ་ཡིན་ཏེ།། གསེར་ཞུན་འདྲེས་པ་བཞི་ཡིན་ཞེས།། དངུལ་ཞུན་འདྲེས་པ་གསུམ་ཡིན་ལ།། ལྕགས་ཞུན་འདྲེས་པ་གཉིས་འབྱུང་སྟེ།། ཟངས་དང་ཞ་ཉེ་འདྲེས་པ་གཅིག། གསུམ་གསུམ་འདྲེས་པ་བཅུ་ཡིན་ཏེ།། གསེར་ཞུན་འདྲེས་པ་དྲུག་དང་ནི།། དངུལ་ཞུན་འདྲེས་པ་རྣམ་པ་གསུམ།། ལྕགས་ཞུན་འདྲེས་པ་གཅིག་ཡིན་ནོ།། བཞི་ནི་རྣམ་པ་ལྔ་ཡིན་ཏེ།། རེ་རེ་མ་གཏོགས་བཞི་བཞི་འདྲེས།། རིགས་ལྔ་ཐམས་ཅད་འདྲེས་པ་གཅིག། དེ་ལྟར་དབྱེ་བ་བཤད་ཟིན་ནས།།
     སོ་སོའི་ངོས་འཛིན་བསྟན་པ་ནི།། རྩ་བ་དབྱེ་བ་རིགས་ལྔ་ལ།། གསེར་ལས་བྱུང་བའི་བྲག་ཞུན་ནི།། ཁ་དོག་དམར་སེར་དོམ་མཁྲིས་འདྲ།། རློན་དུས་གུར་གུམ་ཆུ་དང་འདྲ།། རོ་ནི་མངར་ཞིང་ཅུང་ཟད་ཁ།། མྱང་ན་གསེར་གྱི་གཡའ་དྲི་བྲོ།། དངུལ་ལས་འབྱུང་བའི་བྲག་ཞུན་ནི།། ཁ་དོག་དྭངས་སྐྱ་ཞོ་སྤྲིས་འདྲ།། རློན་དུས་འོ་མའི་སྤྲིས་མ་འདྲ།། རོ་ནི་ཁ་ཞིང་ཅུང་ཟད་དམར།། ཡང་ན་དངུལ་གྱི་གཡའ་དྲི་བྲོ།། ཟངས་ལས་བྱུང་བའི་བྲག་ཞུན་ནི།། ཁ་དོག་དམར་ཞིང་ཅུང་ཟད་ལྗང་།། རློན་དུས་ཁ་དོག་དམར་སྐྱ་འབྱུང་།། རོ་ཁ་ཅུང་ཟད་ལན་ཚྭ་སྣུམ།། མྱང་ན་ཟངས་གཡའ་དྲི་མ་བྲོ།། ལྕགས་ཞུན་ཁ་དོག་ནག་ཅིང་སྔོ།། རློན་དུས་རམ་གྱི་ཁུ་བ་འདྲ།། རོ་ནི་ལན་ཚྭ་ཅུང་ཟད་ཁ།། མྱང་ན་ལྕགས་ཀྱི་དྲི་མ་བྲོ།། ཞ་ཉེ་སྒོག་སྐྱའི་ཁ་དོག་ཅན།། རློན་དུས་ཞོ་ཡི་ཁ་ཆུ་འདྲ།། ཅུང་ཟད་ལྕགས་མཚུངས་དམན་པའི་རོ།། རྩ་བའི་བྲག་ཞུན་རིགས་ཡིན་ནོ།། གསེར་ལས་བྱུང་བའི་མཆོག་རིགས་ནི།། རབ་མངར་སྤོས་ཤེལ་ཕྱེ་མ་འདྲ།། གསེར་ཞུན་རབ་ཀྱི་མི་ཟད་ནི།། དོམ་གྱི་མཁྲིས་པའི་དངས་མ་འདྲ།། རོ་ནི་མངར་ཞིང་ཞིམ་པ་འབྱུང་།། གསེར་ཞུན་འབྲིང་གི་མི་ཟད་ནི།། བུ་རམ་སྐམ་པོའི་རྡོག་པོ་འདྲ།། རོ་ནི་ཅུང་ཟད་མངར་བ་འབྱུང་།། གསེར་ཞུན་ཐ་མའི་མི་ཟད་ནི།། ཆང་གི་ཉིང་ཁུ་འབྱར་བ་འདྲ།། མྱང་ན་ཅུང་ཟད་མངར་བ་ཚོར།། དངུལ་ལས་གྱུར་པའི་མཆོག་གི་རིགས།། བྲག་ཤེལ་ཕྱེ་མ་བསྒོངས་པ་འདྲ།། རློན་དུས་འོ་མ་ཆུ་འདྲེས་འདྲ།། རོ་ཁ་མྱང་ན་རོ་ཁ་ཚོར།། དངུལ་ཞུན་རབ་ཀྱི་མི་ཟད་ནི།། བྱེ་མ་ཀ་ར་བཟང་དྲོས་འདྲ།། རློན་དུས་བ་ཡི་འོ་མ་འདྲ།། དངུལ་ཞུན་འབྲིང་གི་མི་ཟད་ནི།། འབྲས་སྐྱེས་ཟན་སྐམ་དུམ་བུ་འདྲ།། རློན་དུས་འབྲི་ཞོ་སྦྱངས་པ་འདྲ།། དངུལ་ཞུན་ཐ་མའི་མི་ཟད་ནི།། བག་ཟན་སྐམ་པོའི་དུམ་བུ་འདྲ།། རློན་དུས་ནས་དཀར་ཁུ་བ་འདྲ།། རོ་ནི་རིགས་གཅིག་རིམ་བཞིན་དམན།། ཟངས་ལས་བྱུང་བའི་མཆོག་གི་རིགས།། མན་ཤེལ་ཕྱེ་མ་བསྒོངས་པ་འདྲ།། རློན་དུས་ཁྲག་ཆུའི་དངས་མ་འདྲ།། རོ་ནི་ལན་ཚྭ་རོ་རྗེས་ཁ།། ཟངས་ཞུན་རབ་ཀྱི་མི་ཟད་ནི།། ཙན་དན་དམར་པོའི་རྡོག་པོ་འདྲ།། རློན་དུས་རི་བོང་ཁྲག་དང་འདྲ།། རོ་ནི་རྒྱ་སྐྱེགས་རྗེས་རོ་ཁ།། ཟངས་ཞུན་འབྲིང་གི་མི་ཟད་ནི།། བཙག་ཡུགས་བཟང་པོའི་དུམ་བུ་འདྲ།། རློན་དུས་ཁྲག་གི་སྙིགས་མ་འདྲ།། ཟངས་ཞུན་ཐ་མའི་མི་ཟད་ནི།། ཁྲག་སྐམ་ཕྱེ་མ་འདྲེས་པ་འདྲ།། གཤེར་དུས་ཁྲག་གི་ཚོད་མ་འདྲ།། རོ་ནི་རིགས་མཐུན་རིམ་བཞིན་དམན།། ལྕགས་ལས་བྱུང་བའི་མཆོག་གི་རིགས།། མདོག་ནག་ལྕགས་རམས་རྡོག་པོ་འདྲ།། ཡང་ན་རྒྱ་སྣག་དངས་མ་འདྲ།། གཤེར་དུས་རམས་ཁུའི་དངས་མ་འདྲ།། རོ་ཁ་རོ་རྗེས་ལན་ཚྭར་མངོན།། ལྕགས་ཞུན་རབ་ཀྱི་མི་ཟད་ནི།། ཁྲག་སྐམ་རྡོག་པ་ལྟ་བུ་ལ།། གཤེར་དུས་སྣག་ཚའི་ཁུ་བ་འདྲ།། ལྕགས་ཞུན་འབྲིང་གི་མི་ཟད་ནི།། ཕྱེ་མ་དུད་དྲེག་ཆགས་པ་འདྲ།། གཤེར་དུས་དུད་པའི་ཁུ་བ་འདྲ།། ལྕགས་ཞུན་ཐ་མའི་མི་ཟད་ནི།། འདམ་ནག་གོང་བུ་འདྲ་བ་ལ།། གཤེར་དུས་ས་ནག་ཁུ་བ་འདྲ།། རོ་ནི་རིགས་མཐུན་རིམ་བཞིན་དམན།། ཞ་ཉེ་ལས་བྱུང་མཆོག་གི་རིགས།། རྡོ་ལོ་ཕྱེ་མ་བསྒོངས་པ་འདྲ།། གཤེར་དུས་རམས་ཆུའི་དངས་མ་འདྲ།། ཞ་ཉེ་བྲག་ཞུན་རབ་མི་ཟད།། རྡོ་སྔོན་བཅག་པའི་དུམ་བུ་འདྲ།། གཤེར་དུས་བ་ལང་ཁ་ཆུ་འདྲ།། ཞ་ཉེ་ལས་བྱུང་འབྲིང་གི་རིགས།། ཆུ་བ་སྐམ་པོ་ལྟ་བུ་ལ།། གཤེར་བ་ཆུ་ཡི་ཁ་དོག་ཙམ།། ཞ་ཉེ་ལས་བྱུང་ཐ་མའི་རིགས།། ལྕགས་ནག་དུམ་བུ་འདྲ་བ་ལ།། གཤེར་དུས་སྣག་ཚ་ཆད་པ་འདྲ།། རིགས་ལྔ་གང་ཡང་རོ་མྱང་དུས།། རིན་ཆེན་རང་རང་གཡའ་དྲི་མནམ།། བཟང་ངན་རིམ་བཞིན་དྲི་ཡང་དམན།། རིགས་ལྔ་འདུས་པའི་བྲག་ཞུན་ལ།། མཆོག་གི་ཁ་དོག་སྣ་ཚོགས་པའི།། འོད་ཟེར་འཕྲོ་ཞིང་རབ་ཏུ་ལྕི།། དྲི་རོ་དབྱར་དུས་བ་ཆུ་འདྲ།། འོན་ཀྱང་མངར་ཁ་ཅུང་ཟད་ཆེ།། གཤེར་དུས་རྨ་བྱའི་སྒྲོ་འཁྱིལ་ལམ།། འཇའ་ཚོན་ཁ་དོག་ཅན་དུ་འབབ།། རབ་ནི་རྒྱ་ཚོས་ཁཎྜ་འདྲ།། བཅག་འཕྲོ་ཁ་དོག་སྣ་ཚོགས་འབྱུང་།། ཡང་ན་ལྕགས་ཀྱི་སོ་རྡོག་འདྲ།། གཤེར་དུས་ན་གུ་ཆུ་ཡི་མདོག། འབྲིང་ནི་ཚིགས་མ་སྐམ་པོ་འདྲ།། གཤེར་དུས་ཚིགས་མའི་ཁུ་བ་འདྲ།། ཐ་མ་བུར་སྨུག་འཁྲེགས་མཁྲེགས་པ་འདྲ།། དྲི་ཞིམ་དྲི་རོ་དམན་པ་ཡིན།། འདུས་པའི་རིགས་ཀྱི་བྲག་ཞུན་ནི།། དྲི་རོ་ལན་འགའ་མྱང་བ་ན།། ཞིམ་ཞིང་སྲེད་པ་འཕེལ་བར་འགྱུར།། གཉིས་གཉིས་འདྲེས་པའི་མི་ཟད་ནི།། ཁ་དོག་དྲི་རོ་གཉིས་གཉིས་འདྲེས།། གསུམ་གསུམ་འདྲེས་པའི་མི་ཟད་ནི།། ཁ་དོག་དྲི་རོ་གསུམ་གསུམ་འདྲེས།། བཞི་བཞི་འདྲེས་པའི་མི་ཟད་ནི།། ཁ་དོག་དྲི་རོ་བཞི་བཞི་འདྲེས།། ཆ་ཤས་ཆེ་ཆུང་དབང་གིས་ནི།། ཁ་དོག་དྲི་རོ་ཆེ་ཆུང་འབྱུང་།། དངས་ལ་དྲི་རོ་ཆེ་བ་མཆོག། དམན་པ་རིམ་བཞིན་རབ་འབྲིང་ཐ།། འདི་ནི་ངོས་འཛིན་བསྡུས་པ་ཡིན།། ལེགས་པར་དཔྱད་བྱེད་རྟོགས་པར་བྱ།།
     བཟང་ངན་རྣམ་དག་བཤད་བྱ་ལ།། ཁ་དོག་རབ་ཏུ་གསལ་བ་དང་།། དངས་ཤིང་འོད་ཟེར་འཕྲོ་བ་དང་།། རོ་ནི་ཆེ་ཞིང་གསལ་བ་དང་།། དྲི་ཡང་སོ་སོའི་རྗེས་མཐུན་པ།། ཆུ་ལ་སྦྱངས་ན་ཚིག་མ་མེད།། བཏེག་ན་རབ་ལྕི་འདྲེས་པ་བཟང་།། སྐྱེས་ལ་གནས་ཀྱི་ཁྱད་པར་ནི།། རབ་མཁྲེགས་ཁ་དོག་འཚེར་བའི་བྲག། ལྕི་ཞིང་འོད་ཟེར་འཕྲོ་བ་དང་།།འཇམ་ཞིང་ཡངས་ལ་ཆེ། དྲོད་ལྡན་གནས་སུ་སྐྱེས་པ་བཟང་།། ས་རྡོ་གཞན་དང་མ་འདྲེས་ཤིང་།། སོ་མི་སེག་ན་བཟང་བ་ཡིན།། གླ་བ་ལ་སོགས་རི་དྭགས་བྲུན།། བྲ་བའི་རིལ་མ་མ་འདྲེས་བཟང་།། བྱིན་རླབས་ཅན་གྱི་གནས་ལས་འོང་།། སྐྱེས་བུ་དམ་པའི་ལག་ནས་བརྒྱུད།། ཆུད་མ་ཟོས་དང་གསར་བ་བཟང་།། བྱེ་བྲག་ནད་རིགས་སོ་སོ་ལ།། བསྔགས་པའི་བྲག་ཞུན་དེ་ཉིད་བཟང་།། དེ་ལས་ལྡོག་པ་ངན་པ་ཡིན།། མཁས་པ་རྣམས་ཀྱིས་བླང་དོར་མཛོད།།
     དེ་ནས་སོ་སོའི་ནུས་པ་ནི།། གསེར་ཞུན་ནུས་པ་ལྕི་སྣུམ་ལྡན།། རླུང་གི་ནད་རིགས་ཀུན་ལ་ཕན།། མཁྲིས་པ་ལ་ཡང་ཅུང་ཟད་ཕན།། དབྱིག་གི་དུག་ལ་ཕན་པ་ཡིན།། མཆོག་ནི་ཚེ་སྲིང་བཅུད་ལེན་ཡིན།། རྒྱལ་པོའི་གདོན་ཡང་བསྲུང་བར་ནུས།། རབ་ཀྱིས་རྒས་ལ་སྲ་བར་བྱེད།། འབྲིང་གིས་དབང་པོ་དྲུག་གསལ་བྱེད།། ཐ་མས་རོ་ཙ་བྱེད་པ་ཡིན།། དངུལ་ཞུན་སྐམ་རྩུབ་བསིལ་དྲོད་སྙོམས།། ཆུ་སེར་ནད་རིགས་ཀུན་ལ་ཕན།། མཆོག་གིས་མཛེ་རིགས་བཅོ་བརྒྱད་སེལ།། མཆེར་པའི་ནད་ལ་ཕན་པ་ཡིན།། ཟངས་ཞུན་ཡང་ཞིང་བསིལ་དྲོད་སྙོམས།། གློ་མཆིན་ནད་རྣམས་ཀུན་ལ་བསྔགས།། མཆོག་ནི་ངན་ཁྲག་སྐེམས་པར་བྱེད།། ངན་ཁྲག་ཟུངས་སུ་བསྒྱུར་བའི་རྩི།། རབ་ནི་རྣག་འབྱམས་གཅོད་པའི་མཆོག། རྨ་ཁར་བཏབ་ན་འཚོ་བར་བྱེད།། མཁྲིས་ནད་ལ་ཡང་ཤིས་པ་ཡིན།། ཁྲག་ཆེན་དར་མའི་བཅུད་ལེན་མཆོག། མཆོག་ནི་མིག་ནད་ཀུན་ལ་བསྔགས།། རབ་ནི་མཁྲིས་ནད་ཀྵ་ཡའི་སྨན།། འབྲིང་ནི་རིགས་བཞིའི་ཚད་པ་སེལ།། ཐ་མས་ཕོ་བར་ཁྲག་མཁྲིས་གཉིས།། ཁ་ལུད་གླང་ཐབས་སེལ་བར་བྱེད།། ཞ་ཉེ་ལྕགས་མཚུངས་དེ་བས་དམན།། འོན་ཀྱང་ནག་པོ་ལས་བྱུང་ཚད།། གྲང་བའི་སྐྲན་རྣམས་ཀུན་ལ་བསྔགས།། རྨ་ཡི་རུལ་ཟན་གཅོད་པར་བྱེད།། དཀར་པོ་ལས་བྱུང་ཅུང་ཟད་བསིལ།། བད་ཀན་སྨུག་པོའི་མིག་ནད་སེལ།། མཁལ་མའི་ཚ་བ་སེལ་བའི་མཆོག། མཆོག་ནི་མཁལ་མ་ད་རྒན་ལ།། འདི་ལས་སྨན་མཆོག་ཡོད་མ་ཡིན།། རབ་ནི་ཆུ་འགག་སེལ་བའི་མཆོག། འབྲིང་ནི་ཚ་བ་གབ་པ་སེལ།། ཐ་མ་རྣ་བའི་རླུང་ནད་སེལ།། རིགས་ལྔ་འདུས་པའི་བྲག་ཞུན་ལ།། ཡོན་ཏན་འདི་དག་ཀུན་ལྡན་ཏེ།། གཞན་ཡང་མང་དུ་ལྡན་པས་ན།། མིག་ནད་སོ་བདུན་འདི་ཡིས་སེལ།། ཚད་པའི་ནད་རིགས་ཀུན་ལ་བསྔགས།། བད་རླུང་གཉིས་ལའང་ཤིས་པ་ཡིན།། གནས་ནི་མཆིན་མཁལ་ཕོ་མཁྲིས་མིག། མཆིན་དྲི་དཀར་ནག་རྣམས་ལ་བསྔགས།། གཉིས་དང་གསུམ་བཞི་འདྲེས་པ་རྣམས།། ཆ་མཉམ་ཆ་མཉམ་ལྡན་འདུས་སེལ།། གང་ཤས་ཆེ་བས་ཤས་ཆེ་སེལ།། མཆོག་རབ་འབྲིང་ཐས་ཉེས་པའང་།། དེ་ལྟར་རིམ་པ་བཞིན་དུ་སེལ།། ཐུན་མོང་སྤྱི་ཡི་ནུས་པ་ནི།། ནད་གཞི་མ་འཁྲུགས་པར་བསྟེན་ན།། བཅུད་ལེན་རྣམས་ལ་མཆོག་ཡིན་ཏེ།། ཁྱད་པར་ཤ་ནི་སྲ་ཞིང་མཁྲེགས།། ཁྲག་འཕེལ་མངལ་ནད་བུད་མེད་གསོས།། ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ།། ནཱ་ག་ཛུ་ནས་འདི་སྐད་གསུངས།། དེ་ལྟར་བྲག་ཞུན་གྱིས་སྔོན་དུ།། མ་བསལ་ནད་དེ་ས་སྟེང་ཡོད་མ་ཡིན།། ཞེས་བྱ་གཞན་ཡང་དྲང་སྲོང་གིས།། སྨན་འདི་མཐུ་ཆེ་བཞིན་དུ་ཡོན་ཏན་གྱིས།། ཡོན་ཏན་འབའ་ཞིག་བསྐྱེད་ཀྱི་སྐྱོན་མི་སྐྱེད།། སྨན་གཞན་ལ་ལས་མཐུས་ནི་གཉིས་ཀ་བསྐྱེད།། ཅེས་བྱ་འདི་ནི་ངེས་དོན་ཡིན།།
     མཁས་པས་བྲག་ཞུན་བསྟེན་པའི་ཐབས།། རབ་གསལ་ཆོ་ག་བསྟན་གྱིས་བཟུང་།། རང་བྱུང་ས་ཡི་ལྷད་མེད་ལ།། འདུལ་བའི་ཆོ་ག་དགོས་མ་ཡིན།། ས་རྡོ་གཞན་འདྲེས་ཆུར་སྦང་ལ།། དངས་མའི་ཁཎྜ་ཚུལ་བཞིན་བྱ།། འདུས་པ་ལ་ནི་འདུས་པ་དང་།། ལྡན་པ་ལ་ནི་ལྡན་པ་དང་།། རྐྱང་བ་ལ་ནི་རྐྱང་བ་བསྟེན།། གསེར་ལས་བྱུང་བ་རླུང་ལ་སྟེ།། ལྕགས་ལས་བྱུང་བ་མཁྲིས་པ་ལ།། ཞ་ཉེས་དེ་ཡི་རྗེས་མཐུན། ཟངས་དངུལ་བད་ཀན་རང་བཞིན་ཅན།། མི་རིགས་སོ་སོར་བསྟེན་པར་བྱ།། ནམ་ཟླའི་ཚ་གྲང་རྗེས་མཐུན་པའི།། རྟ་ལ་བསྐྱོན་ཞིང་ཟས་སྤྱོད་བསྟེན།། འཕྲོད་ཟས་མཛོ་ཞོ་འོ་དར་མར།། ཡང་ན་བ་འབྲི་བསྲེས་པ་དང་།། བ་ཤ་འབྲས་དཀར་མུད་ཁའི་འབྲུ།། ཤ་གསར་ལུག་དང་མ་ཧེ་མཆོག། དང་པོ་གུང་གཉིས་ལུག་རིལ་ཙམ།། དུས་བཞི་དུས་དྲུག་རིམ་བཞིན་བསྐྱེད།། དེ་ནས་གཉིས་དང་གསུམ་ལ་སོགས།། སྨན་རྣམས་བསྐྱེད་ཅིང་ཟས་རྣམས་སྐྱུངས།། སྨན་མར་ལྡེ་གུ་ཏིང་ཁྲོལ་སོགས།། ཆོ་ག་གཞུང་ཆེན་བཞིན་དུ་བྱ།། རྒྱ་སྣེའུ་མོན་སྲན་དྲེའུ་སྤང་།། ཟས་དང་སྤྱོད་ལམ་གང་ཡང་རུང་།། བསིལ་དྲོད་དྲག་དལ་མཐའ་གཉིས་སྤང་།། རྫོགས་རིམ་བཟླས་བསྒོམ་ཐར་པའི་ལམ།། གང་ལ་བརྟེན་ཀྱང་འགྲུབ་པ་ཡིན།། ནད་ཅན་རྣམས་ཀྱི་བསྟེན་པའི་ཐབས།། རླུང་ལ་སོགས་པའི་ནད་གཞི་གསུམ།། འགྲམས་ལ་སོགས་པའི་ནད་རིགས་བདུན།། སྙིང་ལ་སོགས་པའི་གནས་རིགས་རྣམས།། དངས་མ་ལ་སོགས་ལུས་ཟུངས་ལ།། རང་རང་ཁ་འཛིན་སྨན་དང་སྡེབ།། སྨན་སྦྱོར་གང་དང་གང་བྱེད་ཀྱང་།། སྦྱོར་བའི་མཐིལ་ནི་འདི་ལས་བསླང་།། འདི་ནི་དབུ་མའི་སྨན་ཞེས་བཤད།། ནད་སེལ་མཐུན་ནི་མཆོག་ལྡན་དང་།། དེས་ན་མཁས་གཅེས་གཅེས་པར་བཟུང་།། དམ་ཚིག་སྙིང་རྗེ་མེད་པ་དང་།། ལོག་ལྟ་ཅན་ལ་གསང་བ་གཅེས།། འཐུང་བའི་དུས་སུ་གཡང་ས་ཡི།། སྲོག་ཉེན་ཅན་ལ་ཤིན་ཏུ་འཛེམ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། བྲག་ཞུན་རོ་ཁ་ཞུ་རྗེས་བསིལ་བ་སྟེ།། ནུས་པས་ཕོ་མཆིན་མཁལ་ཚད་ཚ་འཁྲུ་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བྲག་ཞུན་ནི། ཚ་བས་གདུང་བའི་བྲག་ལས་འབྱུང་ཞིང་བུ་རམ་དང་རྒྱ་སྐེགས་ཀྱི་ཁུ་བ་ལ་སོགས་པ་ལྟ་བུ་སྟེ། དེ་ལ་སྐྱེ་གནས་ཀྱི་ཁམས་དང་མཐུན་པའི་ཁ་ཏོག་ཅན་གྱི་གསེར་ཞུན། དངུལ་ཞུན། ཟངས་ཞུན། ཞ་ཉེ་ཞུན། ལྕགས་ཞུན། ཚོན་མོ་སྟེང་དང་དྲུག་གམ། ཕྱི་མ་གཉིས་གཅིག་ཏུ་བགྲངས་པའི་རིགས་ལྔས་ཚད་པའི་ནད་ཀུན་དང་རླུང་ནད་བརླ་རེངས་ལ་ཕན་ཞིང་།ཁྱད་པར་དུ་ཕོ་བ་དང་མཆིན་པ་དང་མཁལ་མའི་ཚད་པ་སེལ་བྱེད་ཀྱི་གཙོ་བོ་དང་བཅུད་ལེན་གྱི་ཡང་མཆོག་ཏུ་འགྱུར། བྲག་ཞུན་དང་ལྷན་དུ་འབྱུང་བའི་བྲུན་དེ་ལ་ཁ་ཅིག་གིས་བྲའི་རིལ་མ་མིན་ལ་བྱ་མ་བྱི་ལོང་བའི་བྲུན་ཡིན་ནོ་ཟེར་བ་ནི་ཡུལ་འགའ་ཞིག་ཏུ་དེ་འདྲ་ཡིན་སྲིད་ཀྱང་ཨ་མདོའི་ཡུལ་ན་ཡོད་པའི་བྱ་མ་བྱི་ནི་ནགས་ཆེན་པོར་གནས་པ་རི་བོང་ཆེ་བ་ཙམ་ཡོད་ཅིང་མཆན་འོག་ཏུ་པགས་སྲབ་གཤོག་པ་འདྲ་བ་ཡོད་པ་ཞིག་ཡིན་ལ། བྲག་ཞུན་དང་ལྷན་དུ་ཡོད་པའི་རིལ་བུ་ནི་ཡུལ་སྐད་ལ་ལར་བྲག་རང་འབོད་ཅིང་རྣ་བ་དང་གདོང་སེར་བའི་བྲ་དེས་བྲག་ཞུན་སོགས་ཟོས་པའི་རིལ་མ་ཡིན་པར་མངོན་སུམ་དུ་མཐོང་།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། གཻ་རི་ཡཾ། བྲག་ཞུན། འདི་རྒྱ་གར་དུ་མི་འབྱུང་བས། བོད་ནས་ཕར་འགྲོ་དགོས། འདི་ཡི་ནང་དུ་རིལ་མ་མང་པོ་ཡོང་བ་ནི། པགས་བྱིའུ་འདི་ཟ་བས་དེའི་བྲུན་ཡིན་པས་བྲག་ཞུན་ཆུར་སྦངས་ནས་རིལ་མ་དོར་བའི་ཞུན་བྱེད་པ་དགོས་སོ།།
     མཛེས་མཚར་མིག་རྒྱན་ལས། བྲག་ཞུན་ནི། བྱང་སེམས་དམར་པོ། ཨུ་མའི་མངལ་ཁྲགས་སྟེང་ནད་འཇོམས། རིན་ཆེན་སྔོན་པོ། རི་སྙིང་། འདོད་འཇོའི་བ་སྨུག་ཟེར། བྲག་གི་གསེང་སྲུབ་སོགས་སུ་བུར་ཞུན་ལྟ་བུ་རྡོ་བཞུས་ནས་འབབས། དེར་ཚོན་མོ་སྟེ་ཞུན་དང་བཅས་དྲུག་ཏུ་འདོད་པའང་དེ་ནི་ཞ་ཉེར་བསྡུས་ཏེ་རིགས་ལྔར་བཤད་པ་རྩ་རྒྱུད་ཀྱི་དགོངས་པ་ལེགས། གསེར་ཞུན་དམར་སེར་ལ་མངར་ཁ་བསིལ་སྣུམ་པས་རླུང་མཁྲིས་དང་། ལྕགས་ཞུན་སྔོ་ནག་ཁ་ཞིང་ཅུང་ཟད་ལན་ཚྭ་ནུས་པ་ཚ་ལ་རྣོ་བས་བད་ཀན་སེལ། ཞ་ཉེ་ཞུན་རང་གི་མདོག་འདྲ་རོ་ནུས་ལྕགས་ལས་དམན་པར་མ་ལ་ཡ་འགྲེལ་ནས་བཤད། བྲག་ཞུན་དང་ལྷན་དུ་འབྱུང་བའི་བྲུན་ནི་བྱ་མ་བྱིའི་རིགས་བྲག་རར་འབོད་པ་རྣ་བ་དང་གདོང་སེར་པོའི་བྱི་བ་བྲག་ཞུན་ཟོས་པའི་རིལ་མོར་ཤེལ་དཀར་མེ་ལོང་དུ་གསུངས།རིན་སྤུངས་ལས། བྲག་ཞུན་བསིལ་ལ་རྣོ་བས་མཆིན་ནད་རྙིང་པ་སེལ།། ཞེས་པས་ཚད་ནད་ཀུན་ཕན་ཁྱད་པར་ཕོ་མཆིན་མཁལ་ཚད་སེལ།།

X