>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

དབང་པོ་རིལ་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 15:40:17 ཀློག་གྲངས། 64

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དབང་པོ་རིལ་བུས་དུག་འཇོམས་ནོར་བུ་ཡིན།། ཞེས་པའི་ཁུངས་ནི། རིན་སྤུངས་མཛེས་རྒྱན་ལས། སྔོན་གྱི་ཚེ་ན་ལྷ་རྣམས་དང་།། ལྷ་མིན་བདུད་རྩི་འདོད་པ་མཐུན།། རྒྱ་མཚོ་བསྲུབས་ཚེ་བདུད་རྩིའི་སྔོན།། དུག་བྱུང་ཚངས་པས་རབ་གཟིར་བས།། ཕུང་བྱེད་དུག་དངོས་ཞི་གྱུར་ཡང་།། ནུས་པ་རྒྱུ་དང་མི་རྒྱུ་བའི།། དུག་རིགས་ལས་གྱུར་འཇིག་རྟེན་ཁྱབ།། དེ་ཚེ་ལྷ་དབང་བརྒྱ་བྱིན་གྱིས།། གཉེན་པོ་འབྱུང་བར་སྨོན་ལམ་བཏབ།། སླར་ཡང་མཚོ་བསྲུབས་བདུད་རྩི་བྱུང་།། རླངས་པའི་ཟིལ་ཕྲོམ་དངུལ་ཆུ་ཡི།། ཐིགས་པ་ས་ལ་འཐོར་བ་ལྟར།། ས་སྟེང་ཁྱབ་པས་འབྱུང་བཞི་ལས།། གྲུབ་པའི་སྨན་རིགས་ཐམས་ཅད་ལ།། བདུད་རྩིའི་ཟེགས་མ་སྐྲ་རྩེ་ཙམ།། རིལ་བུར་འཐོར་བས་མ་ཁྱབ་མེད།། དེ་ཕྱིར་ས་སྟེང་སྨན་མིན་པའི།། ས་རྡོ་རྩི་ཤིང་གང་ཡང་མེད།། སྨན་ལ་བདུད་རྩིའི་མཐུས་ཁྱབ་པའི།། ནུས་ལྡན་སྨན་ཀུན་འཇོམས་བྱེད་དེ།། སེམས་ཅན་ཀུན་གྱིས་ཟོས་པའི་བཅུད།། བརྒྱ་བྱིན་སྨོན་ལམ་མཐུ་བརྟས་པས།། སེམས་ཅན་མ་ངེས་འགའ་ཞིག་ལ།། དྭངས་མ་བདུད་རྩིའི་དབང་པོ་གང་།། རིལ་བུར་འདྲིལ་བ་ལུས་ལ་ཆགས།། དེ་རྙེད་དུག་རིགས་མ་ལུས་པ།། འཇོམས་བྱེད་རིན་པོ་ཆེ་རུ་གྲུབ།། དེ་ནི་ལྷ་དབང་མཐུས་གྲུབ་པས།། དབང་པོ་རིལ་བུ་མིང་དུ་གྲགས།། ཞེས་དང་། དྲང་སྲོང་གྲུབ་པའི་བསྟན་བཅོས་ལས། སྔོན་དུས་གངས་རིའི་བདག་པོ་མགྲིན་སྔོན་གྱིས།། སངས་རྒྱས་བསྟན་ལ་གནོད་པར་བྱ་བའི་ཕྱིར།། འཛམ་གླིང་དུག་རིགས་ཀུན་གྱི་བཅུད་བསྡུས་ནས།། སྦྱོར་བ་མི་འདྲ་སུམ་བརྒྱ་དྲུག་ཅུ་བརྩམས།། དེ་ཡི་གཉེན་པོ་ལྷ་དབང་བརྒྱ་བྱིན་གྱིས།། སྨན་རིགས་སུམ་བརྒྱ་དྲུག་ཅུའི་བཅུད་བསྡུས་ནས།། སྨོན་ལམ་བཏབ་སྟེ་ནམ་མཁའི་དབྱིངས་སུ་གཏོར།། ཧ་ལའི་དུག་རིགས་གང་དུ་དར་བའི་སར།། འདི་ཉིད་དེ་ཡི་གཉེན་པོར་སྨིན་པར་ཤོག། དེ་སྐད་བརྗོད་མཐུས་དབང་རིལ་ཞེས་བྱ་བྱུང་།། དེ་ཡང་སེམས་ཅན་སྤྱི་མཐུན་བསོད་ནམས་ཀྱིས།། སྔོན་གྱི་སྨན་བཅུད་དེང་འདིར་རྡོ་རྩི་སྔོ།། ཆུ་ལ་སོགས་པར་བྱུང་བ་སུས་ཟོས་པ།། ཁོང་དུ་སྨིན་ནས་རིལ་བུ་གཅིག་ཏུ་འགྲིལ།། ཕལ་ཆེར་གླང་ཆེན་རྨ་བྱ་གླ་བ་དང་།། ར་རྒོད་སོགས་ལས་འབྱུང་ལ་མཐའ་འཁོབ་ཀྱི།། ཡུལ་རིགས་རྣམས་སུ་འབྱུང་བས་མང་བ་ཡིན།། ཞེས་དང་། ཡང་མན་ངག་ཁ་ཅིག་ཏུ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གྱིས།། རིན་ཆེན་སྣ་ལྔའི་བཅུད་བསྡུས་ནས།། རིལ་བུར་དྲིལ་ཏེ་རྒྱ་མཚོར་འཕངས།། གླང་པོས་རྒྱ་མཚོའི་ཆུ་འཐུངས་པས།། དབང་རིལ་གླང་པོ་ཆེ་ལས་བྱུང་།། མཚོ་རྟ་ལ་ཡང་ཡོད་པར་བཤད།། ཉ་ཆེན་ཡོལ་མོ་ལས་བྱུང་རབ།། གླ་བ་ལས་ཀྱང་འབྱུང་བར་བཤད།། ཅེས་དང་། གཡུང་དྲུང་འཁྱིལ་པ་ལས། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབས་ཀྱིས།། སྐྱབས་གནས་སྲུང་མར་བཅས་ལ་རིན་ཆེན་དང་། འབྲུ་སོགས་མཆོད་པ་ཕུལ་ནས་དམོད་འདི་བོར།། སྙིགས་དུས་མ་རུངས་བདུད་ཀྱི་སྤྲུལ་པ་འགས།། ཟས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱི།། མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ།། དེ་ཉིད་འཇོམས་བྱེད་སྨན་མཆོག་རིན་པོ་ཆེའི།། མཐུ་ལྡན་རང་བྱུང་དངོས་གྲུབ་སྩལ་དུ་གསོལ།། གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི།། རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར།། ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག། ཅེས་གསུངས། དབང་གི་གནས་ལ་མ་ངེས་པར།། སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས།། སྲོག་རྩ་རྭ་རྩེ་མཁྲིས་པ་ཀླད་པ་དང་།། ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་།། རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད།། ཡུལ་དེའི་གླ་བ་དཀར་པོ་སྨན་ཟ་བའི།། རྩི་ཤའི་ཁ་ལྟེམས་དག་ལས་ངེས་པར་འབྱུང་།། ཞེས་འབྱུང་ངོ་།། དེའི་རིགས་དང་ཡོན་ཏན་བཤད་པ་ནི། གྲུབ་པའི་གཞུང་ལས། རིགས་ནི་དཀར་སེར་དམར་ལྗང་སྔོ་དང་ལྔ། རིན་ཆེན་རྣམ་པ་ལྔ་ཡི་རྒྱུ་དང་མཐུན། འོན་ཀྱང་འབྱུང་བའི་ཤས་ཀྱི་ཆེ་ཆུང་ལས།། དཀར་པོ་ཆུ་ལ་སེར་པོ་ས་ཤས་ཆེ།། དམར་པོ་མེ་ལ་ལྗང་གུ་རླུང་ཤས་ཆེ།། སྔོན་པོ་ནམ་མཁའ་ལས་བྱུང་ནུས་པ་ཡང་།། འབྱུང་བཞིའི་སྨན་དང་ནུས་པ་མཐུན་པར་བཤད།། ཅེས་དང་། གླང་ཆེན་དབང་རིལ་གོ་རོ་ཙ་ན་སྟེ།། སྦྲུལ་དང་རྨ་བྱ་གླ་བ་གསུམ་པོ་ལས།། བྱུང་བ་ལ་ནི་དབང་པོ་རིལ་བུ་ཟེར།། ཆུ་མིག་ནང་ནས་བྱུང་བའི་རིལ་བུ་ལ།། སྨན་ཆུ་དབང་རིལ་ཞེས་སུ་འབྱུང་བ་ཡིན།། སྦལ་པ་ལས་བྱུང་དབང་ལྡན་རིལ་བུར་འབོད།། སྦྲུལ་དང་སྦལ་བའི་ལྟོ་བ་ནས་བྱུང་བར།། ཀླུ་རྒྱལ་ནོར་བུ་ཞེས་བྱ་ཤིན་ཏུ་བཟང་།། ཅེས་གསུངས། ཡང་ཁ་ཅིག་ཏུ།དཀར་པོ་ལྷ་ཡི་རིལ་བུའི་རིགས་ཡིན་རབ།། དམར་པོ་བཙན་གྱི་དབང་རིལ་ཡིན་པ་འབྲིང་།། སྔོན་པོ་ཀླུ་ཡི་དབང་རིལ་ཐ་མའོ།། ཞེས་དང་། དྷརྨ་སཽ་མིས། དཀར་པོ་རྒྱལ་པོའི་རིལ་བུ་བཟང་ཤོས་ཀྱིས་མི་རྟ་བདུན་འཚོ་ཐུབ། སྔོན་པོ་རྗེའུ་རིལ་བུ་འབྲིང་བས་ལྔ་ཐུབ། དམར་པོ་བློན་གྱི་རིལ་བུ་ཐ་མས་གསུམ་ཐུབ། ཅེས་གསུངས། མཛེས་རྒྱན་ལས། དཀར་པོ་རྒྱལ་རིགས་དམར་སེར་རྗེའུ་རིགས།། ལྗང་སྔོན་འབངས་རིགས་རིམ་པས་དང་པོ་མཆོག། ཕྱི་མ་ཕྱི་མ་རིམ་གྱིས་དམན་པར་བཤད།། ཅེས་གསུངས། དྭགས་པོ་རིན་པོ་ཆེས། སེར་པོ་གསེར་མདོག་གིས་མི་རྟ་བཞི་སོས། ནག་པོ་མཆོང་མདོག་གིས་མི་རྟ་དགུ་སོས། དེ་མན་སྔོན་པོ་དམར་པོ་དཀར་པོ་གསུམ་གྱིས་མི་རྟ་གསུམ་རེ་སོས་གསུངས།གཡུང་དྲུང་འཁྱིལ་པ་ལས། དཀར་པོ་ཆེ་བ་ཅོ་ཀའི་གའི་སྒོ་ང་ཙམ།། རྒྱལ་པོ་རིལ་བུས་མི་རྟ་བཅུ་གསུམ་སོས།། དམར་སེར་འབྲིང་བ་ཤ་བའི་རིལ་མ་ཙམ།། བློན་པོ་རིལ་བུས་མི་རྟ་དགུ་འཚོ་ཐུབ།། ཆུང་བ་ལུག་གི་རིལ་མ་ཙམ།། བཙུན་མོ་རིལ་བུས་མི་རྟ་བདུན་ལ་ཕན།། སྔོ་དང་དཀར་པོ་ཡང་ཆུང་སྲན་མ་ཙམ།། འབངས་ཀྱི་དབང་རིལ་ཡིན་པས་སྔ་མ་ཡིས།། མི་རྟ་ལྔ་འཚོ་ཕྱི་མས་གསུམ་ལ་ཕན།། ཁ་དོག་དབང་དང་ཁྱད་པར་ཆེ་ཆུང་ལས།། ཆེ་དང་སྲ་མཁྲེགས་ལྡན་པ་བཟང་བའི་རིགས།། ཆུང་དང་གསོབ་ལ་བཀྲག་འཚེར་མེད་ངན་རིགས།། ཞེས་བཤད་དོ།། བཟང་ངན་ཡང་བཤད་པ་དེས་གསལ་ཡང་། གྲུབ་པའི་བསྟན་བཅོས་ལས། ཡོར་ཆེནཉ་དང་གླང་ཆེན་སྦྲུལ།། སྦལ་པ་རྨ་བྱ་ལས་འོངས་མཆོག། ཆུ་གནས་གཞན་ལས་བྱུང་བའང་བཟང་། ཕྱུགས་རིགས་ལས་བྱུང་ངན་པ་སྟེ།། མི་དང་རི་དྭགས་ལས་བྱུང་འབྲིང་།། གླ་བ་ལས་བྱུང་རྩི་རིལ་ངན།། ཞེས་དང་། མཛེས་རྒྱན་ལས། ལྕི་མཁྲེགས་སྔོ་བསིལ་ངར་ལྡན་པ།། མཆོག་གམ་གསར་པ་ཡིན་པས་བཟང་།། དེར་ལྡོག་ཡང་སྙི་སེར་ཁྲ་དང་།། སྐྱ་སོབ་རྒྱུ་ངན་རིགས་ཡིན་ནམ།། ཡང་ན་སྔོན་ཆད་ནད་པ་ལ།། བཏང་བའི་སྙིགས་མ་ངར་ཡལ་ངན།། ཞེས་སོ།། དྷརྨ་སཽ་མིས། བཏེག་ན་ལྕི་ལ་དངོས་པོ་ཆེ་བ། སྲ་ལ་མཁྲེགས་པས་ངར་ཆེ་བ། ཁར་མི་འཇུ་བ། མྱངས་ན་སྦྲེ་མེད་པ། དར་ཁ་དོག་སྣ་ཚོགས་ཀྱི་སྟེང་དུ་བཞག་ཚེ་མདངས་ཆགས་པ་དེ་ནི་དབང་རིལ་ཟོལ་མེད་པ་ཡིན་པས་མཆོག་ཏུ་བཟང་། དེ་ལས་ལྡོག་པ་ཟོལ་ཅན་ཡིན་པས་ངན་ནོ།། ཞེས་གསུངས། ལེགས་ཉེས་བརྟག་པ་མང་ཡང་། ཟིན་ཏིག་ལས། བཙན་དུག་རྩི་བཞིན་བཏགས་པའི་ཕྱེ།། ཆུར་སྦྱངས་གར་སླ་འོ་མ་ཙམ།། དཀར་ཡོལ་ནང་བླུགས་དེ་ནང་དུ།། དབང་རིལ་བསྐྱུར་ལ་ནུབ་པར་བྱ།། ཞག་གཅིག་བཞག་ནས་ནང་པར་བལྟ།། དཔའ་བོ་གོས་སུ་གྱོན་པ་ན།། དབང་པོ་རིལ་བུ་རབ་ཏུ་བཟང་།། དཔའ་བོ་གདན་བཏིང་དབང་རིལ་འབྲིང་།། དཔའ་བོ་མཐའ་བསྡུས་དབང་རིལ་ཐ།། དྭངས་པའི་ཆུ་མཐར་དུག་མེད་གཅེས།། ཞེས་གསུངས་པ། འདི་རང་གསལ་ཡང་བརྟགས་ནས་དེ་མ་ཐག་ངལ་གསོ་བའི་མན་ངག་བྱ་དགོས་སོ།། གོང་སྨན་པས། བླུན་པོས་རྡོ་སྐྲན་སྨིན་དང་རྣག་སྐྲན་སྐམ།། དབང་རིལ་འདོད་པ་མཁས་པས་སྤང་བའི་གནས།། ཞེས་གསུངས་པ་ལྟར་ཞིབ་ཏུ་བརྟག་པར་བྱ། འདིའི་ལག་ལེན་སྐོར་གསུམ་སོགས་ཞིབ་པ་ཟབ་གསལ་སྙིང་ཐིག་ཅེས་པ་ཁོ་བོས་ལོགས་སུ་བྱས་པར་གསལ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དབང་རིལ་ནི། གླང་ཆེན་དང་སྦྲུལ་མཇུག་གཉིས་པ་དང་སྦལ་བ་དང་དོམ་དང་རྨ་བྱ་དང་རྒོད་དང་ངང་བ་དང་ཕུག་རོན་སོགས་ལས་དཀར་ལྗང་སྔོ་སེར་དམར་པོ་སོགས་འབྱུང་ཞིང་། དེ་ཡང་ཆུ་མིག་ཁ་ཤར་བལྟ་བའི་ཆུ་ཉི་མ་ཤར་མ་ཐག་ཏུ་ལི་སྡེར་གཙང་མར་བླངས་སྨན་ཆེན་ཕྱེ་མ་བཏབ་ནས་དཀྲུགས་པ་དེར་དབང་ཧྲིལ་བཞག་པས་དུག་གོས་སུ་གྱོན་པ་དང་གདན་དུ་བཏིང་བ་དང་མཐའ་ནས་བསྡུས་པའི་རིམ་པའི་མཆོག་འབྲིང་དམན་པས་རིམ་བཞིན་མི་དུག་ནད་ཅན་བདུན་དང་ལྔ་དང་གསུམ་གྱི་ནད་གསོ་ནུས་པ་དང་། ཡང་དེ་ལ་བརྟེན་ནས་ཞག་གསུམ་ལྔ་བདུན་ཚུན་ལ་ཆར་ཡང་འབེབས་ནུས་པར་བཤད་ཅིང་། རྒྱལ་རིགས་དཀར་པོ་གཏོང་བ་སོགས་ཀྱིས་ཁྱད་པར་ཡང་ཡོད་ཟེར།
       མཛེས་མཚར་མིག་རྒྱན་ལས། དབང་རིལ་ནི། རིན་སྤུངས་མཛེས་རྒྱན་ལས། དེ་རྙེད་དུག་རིགས་མ་ལུས་པ།།འཇོམས་བྱེད་རིན་པོ་ཆེ་རུ་གྲུབ།། དེ་ནི་ལྷ་དབང་མཐུས་གྲུབ་པས།། དབང་པོ་རིལ་བུ་མིང་དུ་གྲགས།། ཞེས་པ་ལྟར་བརྒྱ་བྱིན་གྱི་སྨོན་ལམ་གྱི་མཐུ་ལས་བྱུང་ཞིང་། དེ་ཡང་དྲང་སྲོང་གྲུབ་པའི་བསྟན་བཅོས་ལས། གླང་ཆེན་རྨ་བྱ་གླ་བ་ར་རྒོད་དང་།། ལུས་ཆ་སྣོད་སོགས་གཞན་མ་གཏོགས་པའི་དབང་པོ་ཁོ་ནར་སྐྱེ་བར་བྱུང་བར་མཆོག་ཏུ་བཟུང་། དེའི་མདོག་དབྱིབས་སྣ་ཚོགས་ཆེ་བ་ཅོ་གའི་སྒོང་ཙམ་ནས་སྲན་མའི་བར་པ་སྦྲུལ་དང་ཐལ་བར་འབྱུང་བ་དང་དཀར་པོ་མཁྲེགས་ལྕི་དངས་བཟང་། གསོབ་ལ་བཀྲག་འཚེར་མེད་ངན་པ། དེ་སྨན་ཆེན་གྱི་ཕྱེ་མ་བཅས་པ་ཆུར་བཏབ་དཀྲུགས་པས་ཞག་གཅིག་ནས་གོས་སུ་གྱོན་པ་དང་སྟན་བཏིང་བ་དང་། མཐའ་ནས་བསྡུས་པའི་རིམ་པར་མཆོག་འབྲིང་དམན་ཏེ། དུག་ནད་ཅན་བདུན་དང་ལྔ་དང་གསུམ་གསོ་བར་ཟིན་ཏིག་ལས་བྱུང་བ།

གོང་ངོས། ཡིག་ཆ་མི་འདུག
X