>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

དོམ་མཁྲིས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 15:31:52 ཀློག་གྲངས། 69

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དོམ་མཁྲིས་རྩ་སྡོམ་རུལ་གཅོད་ཤའུ་སྐྱེད།། ཞེས་པའི་མིང་། བྷ་ལུ་སིཔྟ། ཏྲི་ཛི་ཏ་རི། ཨཱོ་ཡུ་པུཥྤ། སྲོག་གི་མེ་ཏོག ཐུགས་ཀར་མེ་མཉམ། ནག་པོ་བཅད་འབྱོར། གཡའ་ཀྱི་བཅད་འབྱོར། རྩ་སྡོམ་ཤུགས་ཆེན་རྣམས་ཟེར། རིགས་གསེར་མཁྲིས་སེར་པོ། གཡུ་མཁྲིས་སྔོན་པོ་གཉིས། ནམ་ཟླའི་དབང་གིས། དབྱར་གཡུ་མཁྲིས། དགུན་གསེར་མཁྲིས་ཟེར་ཡང་མ་ངེས་པར་སེམས། དོམ་མཁྲིས་བཟང་ངན་ཆུ་ལ་དྲིས།། འཇའ་ཡི་ཀ་བ་ཚུགས་ན་བཟང་།། ཟེར་བའང་འདུག ཡིན་མིན་ཐེ་ཚོམ་ན། མཁྲིས་པའི་ཁ་པགས་མཉེས་པས་མི་འཆག་པར་སྐྱ་སོབ་ཏུ་སོང་ན་དོམ་ཡིན།པགས་པ་ཡར་ཞིང་ཆག་ན་དྲེད་སོགས་གཞན་ཡིན་ཟེར་བ་བདེན་པ་ཤས་ཆེ་བར་སེམས།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། དོམ་མཁྲིས་ལ་དབྱར་དགུན་དུས་ཀྱིས་ཕྱེ་བས་གསེར་མཁྲིས་དང་གཡུ་མཁྲིས། མིང་ནི་སྲོག་གི་མེ་ཏོགཐུགས་དཀར་མེ་མཉམ། ཨཱོ་ཡུ་པུཥྤ། ཏྲི་ཛི་ཏ་རི། ནག་པོ་བཅད་འབྱོར། གཡའ་ཀྱི་བཅད་འབྱོར། རྩ་སྡོམ་ཤུགས་ཆེན་སོགས་མང་།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། དོམ་མཁྲིས་སྒོ་ངའི་སེར་ཐིག་འདྲ།། དོམ་མཁྲིས་སེར་འོད་གཙང་ལ་དྭངས།། ཆུ་ལ་ཀ་བ་ཚུགས་ན་བཟང་།།
     སྨན་མིང་རྒྱ་མཚོ་ལས། དོམ་མཁྲིས་རྨ་ཚད་མིག་ལ་ཕན།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། དོམ་མཁྲིས་རོ་ཁ་ཞུ་རྗེས་བསིལ་བ་ཡིན།། རྨ་གསོ་རྨེན་གཅོད་རྩ་སྡོམ་མཁྲིས་ཚད་སེལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། དོམ་མཁྲིས་དག་ཀྱང་རོ་ཁ་ཞུ་རྗེས་བསིལ།། རྩ་ཁ་སྡོམ་ཞིང་རུལ་གཅོད་ཤའུ་བསྐྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དོམ་མཁྲིས་ལ། དབྱར་དགུན་གྱིས་དབྱེ་བའི་གསེར་མཁྲིས་གཡུ་མཁྲིས་གཉིས་ཏེ་ཆུ་ལ་བཞག་ན་ཀ་བ་ལྟ་བུ་འཛུགས་དེས་ཚ་གྲང་གང་ཡིན་གྱི་རྩ་ཁ་སྡོམ་ལ་རུལ་གཅོད་ཅིང་ཤའུ་བསྐྱེད་པ་དང་མིག་ལ་ཕན།
     མཛེས་མཚར་མིག་རྒྱན་ལས། དོམ་མཁྲིས་ནི། རྒྱ་སྐད་དུ་ཏྲི་ཛི་ཏ་རི་དང་ཡང་ན་ནག་པོ་བཅད་འབྱོར། རྩ་སྡོམ་ཤུགས་ཆེན་ཟེར། མི་རྒོད་དང་དྲེད་མ་གཏོགས་པའི་དོམ་ཁོ་ནར་བྱུང་། དབྱར་གྱི་ཁ་དོག་སྔོན་པོར་གཡུ་མཁྲིས། དགུན་གྱི་སེར་པོར་གསེར་མཁྲིས་ཞེས་གྲགས། རིན་ཆེན་གཏེར་སྤུངས་ལས། དོམ་མཁྲིས་ཆུ་ལ་ཀ་བ་འཛུགས།། ཞེས་པ་ལྟར། ཆུར་བཞག་པས་འཇའ་ཡི་ཀ་བ་སྟེང་ནས་མར་མ་ཚུགས་པས་བཟང་ངན་བརྟག་པ་དང་། མཁྲིས་པའི་ཁ་ལྤགས་མཉེས་པས་མི་འཆག་པར་སྐྱ་སོབ་ཏུ་སོང་ན་དོམ་ཡིན། པགས་ཡར་ཞིང་ཆག་ན་མ་ཡིན་པར་གསུངས། དེས་རྩ་སྡོམ་རུལ་གཅོད་ཤའུ་སྐྱེད་ཁྱད་པར་མིག་ལ་ཕན།།

གོང་ངོས། ཡིག་ཆ་མི་འདུག
X