>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

ཅུ་གང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 15:25:04 ཀློག་གྲངས། 92

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཅུ་གང་གློ་ཚད་ཀུན་སེལ་རྨ་ཚད་གཅོག། ཞེས་པར། བདུད་རྩི་ཐིགས་པ་ལས། ཅུ་གང་བསིལ་རླན་མིག་སེར་ནད་ལ་ཕན།། ཞེས་གསུངས་པའི་མིང་ནི། བྷཾ་པ་ལོ་ཙཱ་ན། ཏག་ཤིར། ཏཱ་མ་ཀྵི་རི། བཾ་ཤ་རོ་ཙ་ན། སྨྱིག་མ། རྩི་འཇམ་ཟེར། འདི་ལ་རིགས་གསུམ་སྟེ། མཆོག་ནི་རྩིའི་གཙོ་བོར་བཤད་བཞིན། ཡུལ་ཝཱ་རཱ་ཎ་སཱཾ་དང་། མ་ག་དྷཱུ་སོགས་སུ་ས་ལ་བཏབ་པའི་ཤིང་སྨྱུག་མ་ལྟ་བུའི་རྐང་ལས་འབྱུང་བ་ཡིན་ཏེ། དཀའ་འགྲེལ་ལས།ཅུ་གང་ཝཱ་རཱ་ཎ་སཱཾ་ལ། སར་བཏབ་ཞེས་བྱ་འོད་མའི་རིགས། དེ་ཡི་རྒྱུ་རུ་གྱུར་པ་ཞིགསོ་ནམ་བྱས་པའི་སྦུབས་ནས་འབྱུང་།། ཞེས་གསུངས་པ་བཞིན། ཡུལ་གྱི་མིང་། རྒྱ་གར་སྐད་དུ་ཝཱ་རཱ་ཎ་སཱཾ། བོད་སྐད་དུ་འཁོར་མོ་འཇིག་ཅེས་པར། ཤིང་ཝཾ་ཤ་རོ་ཙཱ་ན་ཞེས་པ་སྨྱུག་མའི་རིགས་ཞིག ས་ལ་བཏབ་ནས་སོ་ནམ་བྱས་པའི་རྐང་ལས་བྱུང་བ། ཁ་དོག་དཀར་ལ་སེར་ཁ་ཅུང་ཟད་ཡོད་པ་དབྱིབས་ཧ་ཤིག་བརྡར་ཕྱེ་འདྲ་བ། འཇམ་ཞིང་སྣུམ་ལ་འབོལ་བ།ལག་པ་སོགས་ལ་མི་འགོས་ཤིང་། ཞིབ་ཀྱང་དར་རས་རྐང་སག་གེ་བའི་ནང་དུ་གཏུམས་ཀྱང་མི་འཐུལ་བ། ཁར་འཇུ་ཞིང་བྲོ་བའི་རོ་མི་གསལ་བ། ཡུན་དུ་མྱངས་ན་ཅུང་ཟད་མངར་ཉམས་ཡོད་པ། འདྲ་ཡིག་དུང་གི་མིག་ལས། ཅུ་གང་དག་ལ་རིགས་གསུམ་ལས།། ཤིང་གི་ཅུ་གང་མཆོག་ཡིན་པ།། འབྲས་ཀྱི་ཕྱེ་མ་དཀར་ཞིབ་ནི།། མར་དཀར་དག་གིས་སྦྲུས་འཕུར་འདྲ།། ཞེས་དང་། དཀའ་འགྲེལ་ལས། ཡང་ལ་རོ་རབ་མི་གསལ་བ།། ལྕེ་སྟེང་དངོས་མེད་འཇུ་བས་བཟང་།། ཞེས་གསུངས། འབྲིང་པོ་ནི། དཀའ་འགྲེལ་ལས། མཚན་མ་པྲེ་ཏ་པུ་རིའི་ཡུལ།། རང་བྱུང་དྲི་ཆུའི་ནང་ནས་སྐྱེ།། ཕུང་པོ་ཤིན་ཏུ་ཆེ་བ་ལ།། ཚྭ་སྣ་འོང་བའི་ས་ལས་སྐྱེ། ཞེས་གསུངས་པས། གསང་ཆེན་རྒྱུད་ལས་བཤད་པའི་ཡུལ་ཉེར་བཞི་འདི་ནི། རྒྱ་གར་ནག་སོགས་ཡུལ་ཆེན་དང་། ཡུལ་དྲུག་གི་དུམ་རེར་ཡང་ཡུལ་ཕྲན་དང་། ཡུལ་ཕྲན་གྱི་གནས་ཆེ་ཆུང་དང་། ལུས་ཀྱི་གནས་སོགས་སྦྱར་བའི་ཆེ་ཕྲ་དུ་མ་འབྱུང་བའི་གནས་ཆེན་གངས་རི་ཏི་སེའི་ལོགས་སུ་མཚན་མའི་གནས་ཏེ། ཡུལ་ཉེར་བཞིའི་ཡབ་རྒྱ་གར་སྐད་དུ་པྲེ་ཏ་པུ་རི། བོད་སྐད་ཡི་དྭགས་ཀྱིས་གང་བ་མ་འམ། ཡི་དྭགས་ཀྱི་གྲོང་དུ་འཇུག་པ་དེར་ཡབ་དབང་ཕྱུག་ཆེན་པོའི་ལིངྒའི་དབྱིབས། བྲག་ལས་དེའི་ཁམས་ཀྱི་ཚུལ་དུ་ཆུ་དང་བསྡོངས་ནས་འབབ་པ་ཆུ་ཅུ་གང་། ཡུམ་ཨུ་མའི་ཀཀྐོ་ལའི་དབྱིབས་ཀྱི་གྲོག་མོ་ལས་འཕོས་པའི་ཅུ་གང་ད་ལྟ་གངས་རི་བསྐོར་བ་རྣམས་ཀྱིས་འཁྱེར་ཡོང་བ་འདི་ནི་སྔ་མ་ཝཱ་རཱ་ཎ་སཱཾ་མ་དེ་ལས་ཅུང་དམན་ཡང་ནུས་པ་བཟང་སྟེ། དཀའ་འགྲེལ་གོང་འཕྲོས་སུ། པྲེ་ཏ་པུ་རིའི་ཅུ་གང་ཡང་།། དེ་ལས་དམན་ཏེ་གོང་བཤད་པ།། ཧ་ཤིག་བརྡར་བའི་ཕྱེ་མ་འདྲ།། མང་དུ་སྤུངས་ན་ཅུང་ཟད་སེར།། འཇམ་ཞིང་དཀར་བ་ཤིས་པར་བྱ།། ཞེས་དང་།
     དུང་མིག་ལས། ཆུ་ཅུ་གང་འབྲིང་སྟེ་བག་ཕྱེ་སིག་མེད་འདྲ།། ཞེས་སོ།། ཐ་མ་ནི་བོད་ཁམས་མ་ངེས་པའི་གནས་བཟང་གར་ཡང་འབྱུང་བ་ནི།བྲག་ཕུག་གཏིང་རིང་བ་ཕལ་ཆེར་ལས་འབྱུང་སྟེ་ཉི་ལྷགས་རླུང་གསུམ་གྱིས་མ་གདུངས་པའི་བྲག་ཆུ་རླན་དང་མ་བྲལ་བའི་བྲག་ངོས་ལ་ཆགས་པ། བཟང་ཤོས་ནི་རས་སག་ཏུ་གཏུམས་ལ་བཙིར་བས་ཆུ་སྔོ་སངས་ཀྱིས་དོན་ནས་འགྲོ་བ། ཡང་ལ་འཇམ་ཞིང་རོ་མེད་པ་ཡོང་བས།ཆུ་དེ་མ་བསིངས་པར་བསིལ་སྐམ་བྱེད་པར་གསུངས། དེ་རིགས་ཕལ་ཆེར་རྒས་ནས་རྡོར་གྱུར་པའི་སྲ་མཁྲེགས་ཅན་དང་། ལན་ཚྭ་བྲོ་བ་སོགས་ནི་གཞན་རྐྱེན་གྱིས་བསྒྱུར་པ་ཡིན་པས་ངན་ལ་སྤང་བྱ། དུང་མིག་ལས། ས་ཅུ་གང་ཐ་མ་རྟ་སོ་བཅག་པ་འདྲ་གསུངས་སོ།།
     བརྡ་སྤྲོད་ལས། ཅུ་གང་དཀར་ལ་རོ་མེད་བཟང་།། འཇམ་ལ་སོ་མི་སེག་པ་དགོས།། ཞེས་དང་། དཀའ་འགྲེལ་ལས། ཅུ་གང་དཀར་ཞིང་ཅུང་ཟད་དྭངས།། བཏེག་ན་ཡང་ཞིང་སོ་མི་སེག། རོ་མི་གསལ་ཞིང་ལྕེ་སྟེང་དུ།། བཞག་ན་བྲ་བོའི་ཡོས་ལྟར་འཇུ།། ཡུན་རིང་མྱངས་ན་ཅུང་ཟད་མངར།། དེ་འདྲའི་ཅུ་གང་བཟང་པོ་ཡིན།། ཞེས་གསུངས་པ་ལྟ་བུ་ལས། དམན་པ་ནི་ནམ་ཡང་བླང་བྱ་མ་ཡིན་ནོ།། བི་ཇི་སྨན་གཞོན་པས། ཐབས་ཀྱི་ཆུ་ལས་བྱུང་བ་ཡི།། ཀུནྡ་ཅུ་གང་ཤེས་རབ་ཀྱི།། མཚན་དབྱིབས་བྲག་ཕུག་ལ་ཆགས་པ།། འཁོར་ལོ་སྡོམ་དང་ཕག་མོའི་བཅུད།། ཡིན་ཞེས་རང་བྱུང་བཟང་པོས་བཤད།། བྱིན་རླབས་ཅན་གྱི་གནས་མ་གཏོགས།། དམན་ལས་འབྱུང་བ་མ་མཐོང་། ཞེས་གསུངས་པ་བཞིན། འཕགས་པ་རང་བྱུང་བཟང་པོས་ཅུ་གང་བདེ་བྱེད་ཀྱི་སྦྱོར་ཆེན་འཁོར་ལོ་ཡིག་སྣ་དང་བཅས་པར་བཤད་ཅེས་སྨན་ནག་པས་གསུངས་པས། ཅུ་གང་མཆོག་འབྲིང་དམན་གསུམ་གནས་བྱིན་རླབས་ཅན་དུ་འབྱུང་བར་བཤད་པ།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཅུ་གང་ཞེས་པ་ལ་རིགས་ཀྱིས་དབྱེ་ན་ཤིང་ལས་བྱུང་བ་དང་། ས་ལས་བྱུང་བ་གཉིས་སོ།། མིང་ནི། ཏག་ཤིར། རྩི་འཇམ་ཞེས་སོགས་འབྱུང་། རྒྱུད་འདིའི་དགོངས་པ་ནི། ཤིང་སྨྱུག་མ་འདྲ་བའི་རྐང་ལས་བྱུང་བ་ཞེས་རྐང་གི་སྨན་སྡེ་སྟེ་རྩི་སྨན་དུ་བཞེད་པ་ཡིན།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཅུ་གང་དཀར་ཡང་དྲོད་མེད་བཟང་།། ཅུ་གང་དཀར་རྩི་ཕྱེ་མ་འདྲ།།
     སྨན་མིང་རྒྱ་མཚོ་ལས། ཅུ་གང་སྒོག་སྐྱས་གློ་ནད་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཅུ་གང་རོ་ནི་བསྐ་ལ་མངར་བར་འདོད།། ཞུ་རྗེས་བསིལ་འཇམ་ནུས་པས་གློ་ནད་སེལ།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། ཅུ་གང་དཀར་རྩི་སྐྱེར་རོག་འདྲ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཅུ་གང་རོ་མངར་ཞུ་རྗེས་བསིལ་ལ་སྙོམས།། མིག་སེར་གློ་ནད་ཀུན་སེལ་རྩ་ཚད་གཅོག། ཚད་པ་རུས་ཞེན་རིམས་ནད་རྨོངས་བུ་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཅུ་གང་ནི། བཾ་ཤ་རོ་ཙཱ་ན་ཞེས་པའི་སྨྱུག་མའི་ནང་ནས་འབྱུང་བ་སེར་སྐྱ་རོ་མི་གསལ་བ་ཤིང་ཅུ་གང་དང་།      དེང་སང་བུལ་ཏོག་འདྲ་བའི་ས་ཅུ་གང་དཀར་པོ་རོ་མེད་ཞིག་ལ་ངོས་འཛིན་པ་དེས་ཀྱང་རུང་ལ།དེ་མཆོག་དམན་གཉིས་ཀྱིས་གློ་ཚད་སོགས་གློ་ནད་ཀུན་སེལ་ཞིང་རྨ་ཚད་གཅོག
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། སྨྱུག་ཅུ་གང་མཆོག དམན་པ་ས་ཅུ་གང་ལའང་དཀར་ཞིང་རོ་མེད་མཆོག
མཛེས་མཚར་མིག་རྒྱན་ལས། གློ་བའི་བཟང་པོ་ཅུ་གང་ནི། རྒྱ་སྐད་དུ་བྷཾ་པ་ལོ་ཙཱ་ན་དང་ཡར་ཏག་ཤིར། ཁ་བཅུད་ཟེར། དེར་གསུམ་ལས་ཤིང་གི་ཅུ་གང་ནི། རྒྱ་གར་གྱི་ཤིང་ཝཾ་པ་རོ་ཙཱ་ན་ཞེས་པ་སྨྱུག་མ་ལྟར་ཞིག་ས་ལ་བཏབ་ནས་སོ་ནམ་བྱས་པའི་རྐང་ལས་བྱུང་བ་ཁ་དོག་དཀར་ལ་ཅུང་ཟད་སེར་དབྱིབས་ཧ་ཤིག་ཕྱེ་འདྲ་འཇམ་ཞིང་སྣུམ་འབོལ། ཁར་འཇུ་ཞིང་ཤིན་ཏུ་བསིལ་ཉམས་འགྲོ་བ། ལག་ལ་མི་འགོས་པ། སི་ཏུས། རྒྱ་ནག་གི་མཐའ་རྒྱ་གར་དང་ཉེ་བ་ནུབ་ཕྱོགས་རྒྱ་མཚོ་ཇི་གྭེ་ཐིའན་ཕྭི་ཞེས་པའི་ཡུལ་ནས་བྱུང་བའི་རྒྱན་ཇུ་ཧྭང་ཞེས་ནག་ཉམས་ཅུང་ཟད་ཡོད་པ་བྲེ་ཏ་བུ་རིའི་ཅུ་གང་། ཞེས་སོ།། ཆུའི་ཅུ་གང་ནི། གནས་ཆེན་གངས་ཅན་ཏི་སེ་སོགས་ཀྱི་ཆུ་ལས་འབྱུང་། ཅུང་ཟད་སེར་བ། སའི་ཅུ་གང་ནི། བརྡ་སྤྲོད་དུ། ཅུ་གང་དཀར་རྩིའི་ཕྱེ་མ་འདྲ།། ཞེས་པ་གནས་བཟང་ཆུ་ཚན་གྱི་བྲག་ཕུག་གཏིང་རིང་བ་ནས་འབྱུང་ལ། རས་སག་ཏུ་གཏུམས་ལ་བཙིར་བས་ཆུ་སྔོ་སངས་ཀྱིས་དོན་ནས་འགྲོ་བ་ཡིན། བདུད་རྩི་ཐིག་པར། ཅུ་གང་བསིལ་རླན་མིག་སེར་ནད་ལ་ཕན། ཞེས་པས་གློ་ཚད་ཀུན་སེལ་རྨ་ཚད་གཅོག། འདི་མན་བསིལ་སྨན་གཉིས་ཟེར།

གོང་ངོས། ཡིག་ཆ་མི་འདུག
X