>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

གླ་རྩི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 15:04:24 ཀློག་གྲངས། 161

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གླ་རྩིས་དུག་སྲིན་མཁལ་ནད་གཉན་ཚད་སེལ།། ཞེས་པར། རིན་སྤུངས་ལས། གླ་རྩི་ཤིན་ཏུ་བསིལ་བའི་མཆོག།  ཅེས་པར་མིང་། ཀསྠཱུ་རི། མྲྀ་ག་མ། རི་དྭགས་ཀྱི་ཆ། ཟུར་ཆག་པར། ཀ་དུ་རི། གབ་ཏུ། རི་དྭགས་ལྟེ་བ། ལྟེ་བའི་དྲི། དྲི་ཅན་ལྟེ་བ། འདོམས་ཀྱི་ངར་རྩི། སྦྲུལ་དུག དྲིའི་རྩི། རི་དྭགས་རྩི་རྣམས་ཟེར། རིགས་ལ་བརྟག་པ་ནི། གླ་ནག་དང་། གླ་སྐྱ་གཉིས་ཏེ། གླ་ནག་ནི་ནགས་ནང་དུ་གནས་པའི་གླ་བ་སྔོ་ནག་གཟུགས་ཆུང་ལ། ཐང་ཤིང་གི་རྩེ་སྟོད་ལ་ཉེ་བར་འཛེག་ཐར་བ། དེ་ལ་རྩི་ཤིན་ཏུ་ཆེ་ལ་དྲི་མངར་ཞིང་ཁྱབ་ཆེ་བ། རྩི་ཁའི་སྤུ་དམར་སེར་སྤུ་ཤིན་ཏུ་ཕྲ་བ། ཤི་བའི་ཤ་ཡང་རྩིའི་དྲི་མས་ཁྱབ་པས་ཟ་མི་བཏུབ་པ་འབྱུང་བར་བཤད་པ་དེ་ཤིན་ཏུ་བཟང་། གླ་སྐྱ་ནི་དཀྱུས་མ་ཡིན། ཡུལ་ལ་བརྟག་པ་ནི། སྐམ་ཤས་ཆེ་ལ་ཤིང་ཕུར་མོང་མང་བ། རྩྭ་ངན་པ་སྐྱེ་སའི་གླ་རྩི་བཟང་། དེ་ལས་ལྡོག་པའི་ཡུལ་ནི་ངན་པ་ཡིན། དབྱིབས་ལ་བརྟག་པ་ནི། རྩི་རིལ་གཅིག་རྡོག་ཏུ་དྲིལ་བ་བཟང་མཆོག་ཡིན། རྩི་འབྲུམ་རིལ་བུ་མང་བ་འབྲིང་། རྩི་འབྲུམ་ཡང་སྲ་མཁྲེགས་ཅན་ཕྱི་ལ་ནག་རྩི་སྣུམ་འོད་ཆགས་པ་བཟང་། རྩི་ཉོབ་ཕྱེ་མ་ངན་པ། ཁ་དོག་ལ་བརྟག་པ་ནི། སེར་པོ་རབ། དམར་ཁམ་འབྲིང་། ནག་པོ་ཐ་མ། འདི་ཡང་དྲིའི་ལས་བྱེད་པ་ཡིན་པས་དྲི་མ་ཡལ་བར་པར་བུར་བཅུག་ལ་ཁ་སྤྲ་ཚིལ་གྱིས་བཀག་ནས་ཉར་ཚགས་དགོས་པར་བཤད། འདི་དང་ཤིང་ཀུན་ག་པུར་ཙནྡན་དཀར་པོ་རྣམས་ཚགས་དམ་པར་བྱ། ལུགས་གཅིག་ཉར་ཚགས་བྱས་པའི་ཕྱི་ནས་སྣོམ་ཚེ་དྲི་མི་བྲོ་བ་དགོས། བྲོ་ན་རང་ཉམས་པ་དང་སྨན་གཞན་ལ་གནོད་པར་བཤད། ཁྱད་པར་བྱུ་རུ་ལ་དྲིས་གོས་ན་ཆག་གས་བྱེད་པ་དང་། བུམ་རྫས་ཀླུ་སྨན་སོགས་ལ་རེག་མི་རུང་ངོ་།། བཅུད་ལེན་དུ་གླ་རྩི་གཏོང་ན་དུག་གསོད་དགོས་པར། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་བཤད། འདི་ལ་མ་གི་ཡང་ཟེར་ཏེ། མ་གི་ཏ་འཇུག་པ་མང་ལ། དཔག་བསམ་ལྗོན་ཤིང་ལས། དབང་པོ་མེ་ཏོག་མ་གི་ཏ།། གསུམ་པ་འབྲུ་ཡི་མ་གི་ཏ།། རེ་རལ་ཤིང་གི་མ་གི་ཏ།། སྒོག་སྐྱ་སྤོད་ཀྱི་མ་གི་ཏ།། མ་གི་ཏ་ལ་མང་བཤད། ཞེས་པས་སྐབས་འཇུག་ཤེས་དགོས།
      རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། གླ་རྩི་ནི་འབྲུམ་པ་ཅན་བཟང་ལ། མིང་གཞན་ནི། རྩི་མ་གི་ཏ། མར་ཛ། ལྗང་ལིར། རི་དྭགས་ལྟེ་བ། ལྟེ་བའི་དྲི། དྲི་ཅན་ལྟེ་བ། འདོམས་ཀྱི་ངར་རྩི།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། གླ་རྩི་གྲོ་ཡི་ཚིག་མ་འདྲ།། གླ་རྩི་འཇམ་མཁྲེགས་དྲི་ཆེ་བཟང་།།
     སྨན་མིང་རྒྱ་མཚོ་ལས། གླ་རྩི་གཉན་ཚད་དུག་ལ་ཕན།།
     གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། གླ་རྩི་རོ་ཁ་ནུས་པ་བསིལ། རྗེས་དྲོད། ཚ་སྲིན་གྲང་སྲིན་དང་། ཆུ་འགགས་ཅིས་ཀྱང་མ་ཐུབ་པ་ལ་གླ་རྩི་མང་དུ་བཏང་བས་ཆིག་ཐུབ་ཡིན་གསུངས།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། གླ་རྩི་རོ་ཁ་ཞུ་རྗེས་བསིལ་དུ་འདོད།། ནུས་པས་དུག་ནད་མཆིན་ནད་མཁལ་ཚད་དང་།། གཉན་ནད་སྲིན་ནད་རྩ་ནད་ཕོ་ལོག་སེལ།།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། གླ་རྩི་ནི། གླ་བ་ཕོའི་ལྟེ་བ་དང་ཉེ་བ་ལས་བྱུང་བ་སྟེ། དེ་ལ་འབྲུམ་བུ་ཅན་མཆོག་དང་། དེ་མེད་པ་དམན་པ་གཉིས་ཏེ། དེ་དག་གིས་དུག་དང་སྲིན་དང་མཁལ་མཆིན་གྱི་ནད་དང་ཉྭ་ལོག་སོགས་གཉན་དང་ཚད་པ་རིམས་མིག་ནད་རྩ་ནད་ཀླུ་གདོན་སེལ་ལ་ཆུ་འགགས་འབིགས།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། གླ་རྩི་འབྲུམ་ཅན་མཆོག འབྲུམ་པ་མེད་པ་དམན་པ།
     མཛེས་མཚར་མིག་རྒྱན་ལས། གླ་རྩི་ནི། རྒྱ་སྐད་དུ་ཀསཐཱུ་རི་དང་། གབ་མིང་རྩིའི་མ་གི་ཏ། ག་བུར་སྨུག་པོ། དྲི་ཅན་ལྟེ་བ། རྩིའི་རྒྱལ་པོ། རི་དྭགས་ལྟེ་བ། སྦྲུལ་དུག་ཟེར། འཕགས་པའི་ཆོས་ལ་རྩི་མ་གྷི་ཞེས་པ་འདི་ཡིན། གླ་བ་ཕོའི་མཚན་མའི་ཉེ་བར་འབྱུང་སྟེ། ཟླ་བ་གང་བའི་ཚེ་རྩིས་ཁ་གང་བར་ཐོས། དེར་གླ་ནག་ལས་བྱུང་བའི་མདོག་སེར་ལ་རྡོག་གཅིག་ཏུ་དྲིལ་བ་བཟང་། དམར་ལ་རྩི་འབྲུམ་རིལ་བུ་མང་བ་འབྲིང་། གླ་སྐྱའི་མདོག་ནག་རྩི་ཉོབ་ཕྱེ་མ་ཐ་མ། འདི་ཡང་དྲིའི་ལས་བྱེད་པའི་ཕྱིར་དྲི་མ་ཡལ་བར་དགོས་སོ།། སྦྲུལ་ལ་ཤིན་ཏུ་གནོད་པ་དང་བུམ་རྫས་ཀླུ་སྨན་སོགས་ལ་དྲི་ཙམ་རེག་མི་རུང་། རིན་སྤུངས་ལས། གླ་རྩི་ཤིན་ཏུ་བསིལ་བའི་མཆོག། ཅེས་པས་དུག་སྲིན་མཁལ་མཆིན་ནད་གཉན་ཁྱད་པར་མིག་རྩ་ཀླུ་གདོན་རིམས་ལ་བསྔགས།།

གོང་ངོས། གུར་ཀུམ།
X