>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

གི་ཝང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 14:55:46 ཀློག་གྲངས། 75

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གི་ཝང་རིམས་དུག་མཆིན་ནད་སྣོད་ཚད་སེལ།། ཞེས་པར་མིང་། གོ་རོ་ཙ་ན། སིང་ཀ་ལ། གླང་ཆེན་མཁྲིས་པ། གླང་ཆེན་རྩི། དུད་འགྲོའི་མེ། ས་གས་ཞེས་ཟེར། ངོ་བོ་ནི། གླང་པོ་ཆེའི་མཆིན་མཁྲིས་ལས་བྱུང་བ་སྟེ། འདི་ལ་མཆོག་དམན་གཉིས་ཡོང་བའི་མཆོག་ནི། གླང་ཆེན་ཤི་བའི་མཆིན་མཁྲིས་ལས་བླངས་པ་དམར་སེར་སྨུག་ལ་སྣུམ་མདངས་ཆགས་པ། མཁྲེགས་པ་བཅག་འཕྲོར་དམར་སེར་རིམ་པ་དོད་པ། ཕྱི་ལ་ལྕགས་རྩི་ཆགས་པ་དྲི་རོ་བཟང་ལ་མཁྲིས་རོ་ཅུང་ཟད་ཡོད་པ། སྨན་གཞན་དང་སྦྱར་ཚེ་ཉུང་ངུས་ཀྱང་ཡུན་དུ་འདུལ་བས་ཁ་དོག་སེར་པོར་བསྒྱུར་པ། ཇི་ལྟར་འདུལ་བཞིན་ཇེ་ཇེར་སེར་བ། ཟོས་ཚེ་སོ་མི་སེག་པ་དེ་ནི་སླད་མེད་པས་བཟང་། ཅུང་ཟད་དེ་ལས་དམན་པ་ནི་སྔ་མ་ལས་སེར་ལ་འབོལ་བའོ། ལར་གླང་པོ་ཆེར་ཆང་གར་མ་མང་དུ་བླུད་པས་མཆིན་མཁྲིས་རྒྱས་ནས། ཁ་རླངས་དང་ཁ་ཆུ་དྲི་ཆུ་སོགས་ལ་གི་ཝང་གི་རྒྱུན་འབབ་པས་ཞག་རེའི་ཁ་རླངས་ཡང་ས་སྟེང་དུ་ཕུང་པོར་ཆགས་འདུག་པར་བཤད་པས་དེ་ལ་ས་མ་འདྲེས་པ་སྔ་མ་དང་འདྲ་བའི་ནུས་པ་ཡོད་ལ། རྗེ་པུཎྡྲི་རི་ཀས། མྱོས་བྱེད་ཀྱིས་རྦད་མགྲིན་པ་ནས་ཟགས་པའི། གི་ཝང་དྲི་བཟང་བུང་བའི་གཏེར་འཛིན་པ། ཞེས་པས། དྲི་རོ་མཆོག་ཏུ་བཟང་ལ་སེར་ཤས་ཆེ་བ། དེ་ལ་ས་འདྲེས་པ་དང་། བསྲེས་པ། གཞན་བཟོ་མ་རིལ་བུར་དྲིལ་ནས་ཕྱི་ནང་མང་པོ་བཀོན་བུ་བྱས་པ་སྟེ། ལྷད་ཅན་རྣམས་ནི་མིག་དང་ཁས་བརྟགས་པས་ཤེས་པར་འགྱུར། གཞན་མི་དང་སེམས་ཅན་ལ་ཡང་ཡོང་བའི་མི་ལས་བྱུང་བ་བཟང་།སེམས་ཅན་རྔ་ཕྲན་དང་རི་དྭགས་ལས་བྱུང་བ་འབྲིང་། རྔ་སྤུན་དང་ར་ལུག་གཅན་གཟན་ལས་བྱུང་བ་དམན། སེམས་ཅན་མཚན་མོ་འཁུན་སྒྲ་འབྱིན་པ་དང་། ཁྱད་པར་བ་གླང་མཛོ་རྟོལ་སོགས་མིག་དམར་སེར་མཚན་མོ་འཁུན་པ་ལས་ཡོང་གསུངས་པ་བཞིན་ངེས་པར་འབྱུང་བ་མཐོང་།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། གི་ཝང་ཞེས་པ་ནི་བོད་སྐད་དུ་གླང་ཆེན་མཁྲིས་ཞེས་བྱ་བ་སྟེ་མིང་གཞན་གླང་ཆེན་རྩི་ཞེས་སོ།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། གི་ཝང་ས་སེར་བསྒོངས་པ་འདྲ།།
     སྨན་མིང་རྒྱ་མཚོ་ལས། གི་ཝང་ཚད་ནད་ཀུན་ལ་ཕན།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། གི་ཝང་རོ་ནི་ཁ་ལ་བསྐ་བ་སྟེ།། ཞུ་རྗེས་བསིལ་ཞིང་དུག་མཆིན་སྣོད་ཚད་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། གི་ཝང་ལ། གླང་ཆེན་བ་ལང་ཕག་སོགས་སྲོག་ཆགས་ཕལ་ཆེ་བའི་མཆིན་པའི་རྩ་ནང་ནས་འབྱུང་བའི་སྨུག་པོ་མཆོག་དང་དམན་པ་སེར་པོ་འབོལ་ཏེ། དེ་དག་གིས་རིམས་དུག་དང་མཆིན་ཚད་སྣོད་ཚད་སེལ།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། གིའུ་ཝཾ་ནི། རྒྱ་ནག་གི་སྐད་དེ། དེའང་། གྷིའུ། བ་ལང་། དབང་བཅུད་དེ་བ་ལང་བཅུད་ཅེས་ཟེར། ལེགས་སྦྱར་དུ། གོ་རོ་ཙ་ན་ཞེས་པའང་དེ་ཉིད། འབྱུང་ཁུངས་ནི་བ་ལང་གི་མཆིན་མཁྲིས་ལ་ཡོད་པ་སྟེ། དམར་སེར་སྨུག་ལ་སྣུམ་མདངས་ཆགས་པ། བཅག་འཕྲོ་དམར་སེར་རིམ་པ་ཆགས་པ། དྲི་རོ་བཟང་ལ་མཁྲིས་རོ་ཅུང་ཟད་བྲོ་བ། སྨན་གཞན་དང་སྦྱར་ཚེ་ཅུང་ཟད་རེས་ཀྱང་ཡུན་དུ་འདུལ་ཚེ་ཁ་དོག་སེར་པོར་བསྒྱུར་ནུས་པ་དེ་སླད་བྲལ་དང་། ཅུང་ཟད་དེ་ལས་དམན་པ་ནི་སླད་ཅན་དེ་སྔ་མ་ལས་སེར་ལ་འབོལ་བའོ།། གང་དག་གླང་ཆེན་གི་ཝང་ཞེས་གླང་པོ་ཆེ་ཁོ་ན་ལས་འབྱུང་བ་འདོད་པ་ནི་བླུན་གཏམ་ཁོ་ནར་ཟད་ལ། དེས་ན་རྒྱ་དཀར་ནག་གཉིས་ཀ་ནས་བ་ལང་ལས་ཤས་ཆེ་བར་འབྱུང་ཞིང་གཞན་མི་དང་། དུད་འགྲོ་ཕལ་ལས་ཀྱང་འབྱུང་བས། མི་ལས་བྱུང་ན་ནི་མཆོག་དང་། འབྲི་གཡག་དང་ར་ལུག་ལས་བྱུང་བ་དམན་པར་བཞེད། བདེ་མཆོག་རྩ་རྒྱུད་སོགས་ལས། མི་རྣམས་ཀྱི་སྙིང་གི་ཕྱོགས་སུ་རོ་ཙ་ན་སྟེ་བཅུད་ཡོད་པར་གསུངས་པའང་འདི་ཁོ་ན།
     མཛེས་མཚར་མིག་རྒྱན་ལས། གི་ཝང་ནི། རྒྱ་སྐད་དུ་གོ་རོ་ཙ་ན་དང་གབ་མིང་གླང་ཆེན་མཁྲིས་པ་ཟེར། མཆོག་ནི་གླང་པོ་ཆེའི་མཆིན་མཁྲིས་ལས་འབྱུང་བའམ་གང་ལས་འབྱུང་བའང་སྨུག་སེར་སྣུམ་མདངས་ཆགས་པ། མཁྲེགས་པ་བཅག་འཕྲོར་དམར་སེར་རིམ་པ་དོད་པ། ཇི་ལྟར་ཕྱེ་མར་བྱས་ནས་སེར་པོར་བསྒྱུར་བ་ཤིན་ཏུ་དཀོན། ད་ལྟ་སེམས་ཅན་མཚན་མོ་འཁུན་སྒྲ་འབྱིན་པ་དང་མིག་དམར་སེར། ཁ་ཆུ་དྲི་ཆུར་གི་ཝང་གི་རྒྱུན་འབབ་པའམ།། ཁ་རླངས་རེག་ས་སེར་པོར་འགྱུར་བའི་བ་གླང་མཛོ་རྟོལ་ཕག་རྔ་སྤུན་ར་ལུག་གཅན་གཟན་དང་གཡག་གི་མཆིན་རྩ་དང་ཚིལ་གྱིས་ཁྱབ་པའི་མཁྲིས་པ་རྭ་དང་སྙིང་སོགས་ནས་འབྱུང་བའི་དམར་པོ་བཟང་། སེར་པོ་དམན་པའོ།། དེས་རིམས་དུག་མཆིན་ནད་སྣོད་ཚད་སེལ།།

གོང་ངོས། ག་པུར།
X