>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

ག་པུར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 14:48:28 ཀློག་གྲངས། 51

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ག་པུར་ཚ་བ་རྒྱས་པ་ཐོག་བབས་གསོད།། རྙིང་ཞིང་ཞེན་པའི་ཚ་བ་རྩད་ནས་འབྱིན།། ཞེས་པ་ལ། རྒྱུད་རིན་ཆེན་སྤུངས་པ་ལས།བསིལ་གྱི་རྒྱལ་པོ་ག་པུར་ཡིན་ཏེ་བསིལ་ལ་རྩུབ།། བློན་པོ་ཅུ་གང་མེད་ན་རྩུབ་པས་ཚ་བར་ལྡོག། ཅེས་དང་། གདམས་པ་སུམ་ཅུ་པ་ལས། ག་པུར་བསིལ་ཡང་གྲང་ཞིང་སྐམ་ལ་རྩུབ།། རྒྱལ་བློན་རྐྱང་རྒྱུག་པའི་ཚ་བ་སེལ།། སྨན་འཕྲོད་གཞན་གྱིས་གཞན་ཡང་ཡང་པར་བྱེད།། ཅེས་དང་། རང་བྱུང་རྡོ་རྗེས། རྩི་སྨན་རྒྱལ་པོ་ག་པུར་ཏེ།། ཀཉྪ་ག་པུར་རྒྱས་ཚད་སེལ།། ཤེལ་ནི་རྩུབ་བསིལ་དེ་དང་འདྲ།། སྟག་ཟིལ་སེར་མཉེན་ཁྲག་མཁྲིས་སེལ།། མང་ནི་རླུང་ལྡན་ཚད་པ་འཇོམས།། ཞེས་དང་། དྷརྨ་སཽ་མིས། སྨན་གྱི་རྒྱལ་པོ་ག་པུར་ཏེ།། ཅུ་གང་བློན་གྱིས་མ་བསྒྱུར་ན།། ནུས་པ་བསིལ་བས་ཚད་པར་ལྡོག། ཁ་ཚ་བསྐ་རྩུབ་བསིལ་ཡང་གྱོང་།། ཞེས་དང་། ཕྲིན་ལས་རྒྱུད་ལས། དེ་རིགས་མང་དང་སྟག་ཟིལ་ཤེལ་དང་གསུམ།། མང་ནི་སེར་ལ་སྣ་རིང་མཉེན་ལ་འཇམ།། ཡང་ན་དཀར་འཇམ་ཁ་བ་བསྒོངས་པ་འདྲ།། འཇམ་ལ་བསིལ་བས་རླུང་ལྡན་ཚ་བ་སེལ།། སྟག་ཟིལ་མདངས་སེར་སུལ་མང་ཕོ་ཅོང་འདྲ། མང་བས་རྩུབ་བསིལ་ཚ་བ་ཀུན་ལ་རྒྱུག ཤེལ་ནི་དཀར་ལ་ཀྲོན་ཏེ་འཁྱག་པ་འདྲ།། ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས།། ཞེས་པའི་མིང་ནི། ཀཏྦཱུཧུ་རཾ། ག་པུར། གྷ་ན་སྭོ་ར། སྤྲིན་གྱི་སྙིང་པོ། ཧི་མ་བ་ལུ་ཀཱ ཁ་བའི་ཕྱེ་མ། སི་ཏཱ་བྷྲ། འོད་དཀར་ཅན། རེ་ཎི་སྭོ་ར། རྡུལ་གྱི་སྙིང་པོ། ཙནྡྲ་སཾ་ཛྙཱ། མིང་ཅན། ཙནྡྲ་བྷསྨ། ཟླ་བའི་ཐལ་བ། ཧི་མ་མཱ། ཁ་བའི་མིང་ཅན། བེདྷ་ཀ རྟོག་བྱེད། ཏ་རུ་སྭོ་ར། ཤིང་གི་སྙིང་པོ། ར་ས་ཀེ་ས་ར། རོའི་གེ་སར། ཧི་མ་གརྦྷ། བསིལ་བའི་སྙིང་པོ། ཞེས་དང་། གབ་ཏུ། ཟླ་བ་སེང་གེའི་འོ་མ་ཟེར་རོ།། འདིའི་བྱུང་ཁུངས་འགྲེལ་བྱེད་དག་སྣ་ཚོགས་པར་སྨྲ་བ་ནི། ཤས་ཆེར་ཙནྡན་གྱི་ཐང་ཆུར་བཞེད་ལ། དེ་ཡང་ནུས་པའི་ཁྱད་པར་ནི། ས་མཆོག་ལ་མང་། གོཪྴིཪྵ་ལ་སྟག་ཟིལ། སྦྲུལ་སྙིང་ལ་ཤེལ་འབྱུང་ཞེས་དང་། ཁ་ཅིག་གོཪྴིཪྵ་དང་སྦྲུལ་སྙིང་མི་ཡུལ་དུ་མེད། ས་མཆོག་ལས་བྱུང་ཞེས་གསུངས། དེར་བཞེད་ནའང་ཚུལ་མང་བ་ནི། ཕྱོགས་ཀྱི་ཁྱད་པར་ལས་ཕྱེ་བ་དང་། ས་སྟོད་སྨད་ཀྱི་ཁྱད་པར་ལས་ཕྱེ་བ་དང་། ཉིན་སྲིབ་སོགས་དྲོ་གྲང་གི་ཁྱད་པར་ལས་ཕྱེ་བ་དང་།ཤིང་རྒན་གཞོན་གྱིས་དང་། བླངས་ནས་གསར་རྙིང་གིས་དང་།དབྱར་དགུན་སོགས་དུས་ཀྱིས་དང་། ཡང་ཁ་ཅིག་ཁཎྡྲིར་འདོད་པ་དང་།ཁ་ཅིག་ས་འོག་ནས་བརྐོས་པ་དང་། ཁ་ཅིག་གངས་རྙིང་ལས་བྱུང་ཞེས་མང་མོད།འོན་ཀྱང་ངེས་པ་རང་འཕགས་ཡུལ་གྱི་མཁས་པའི་གདམས་པ་དང་། ངོས་མཐོང་རྒྱུས་ཅན་གྱི་ཛོ་ཀི་རྣམས་ཀྱི་རྒྱུས་གཏམ་བཅས་ཞལ་འཆམས་པ་ནི། ཤིང་ཀཉྪ་ཞེས་པ་ལས་བྱུང་བ་སྟག་ཟིལ་ག་པུར་ཞེས་མདངས་སེར་ལ་སུལ་མང་བ་ཅན་དེ་ནུས་པ་བསིལ་བའི་འབྲིང་པོ་དང་། ཤིང་ཚིངྒིང་ཞེས་བྱ་བ་ལས་བྱུང་བའི་ག་པུར་ནི། མང་ག་པུར་ཞེས་སེར་ལ་སྣ་རིང་མཉེན་པ་ཞིག་དང་། ཡང་དཀར་ལ་འཇམ་པ་ཁ་བ་བསྒོངས་པ་འདྲ་བ་ཞིག་དང་། རིགས་གཉིས་འབྱུང་བ་དེ་བསིལ་བའི་ནང་གི་བསིལ་ཤེད་ཆུང་བ་ཤིང་བྷི་མ་ཞེས་པ་ལས་བྱུང་བ་ཤེལ་ག་པུར་ཞེས་ཤིན་ཏུ་དཀར་སྔོ་འཁྱག་པའི་དུམ་བུ་འདྲ་བ་བསིལ་བའི་བསིལ་བ། འདྲ་ཡིག་དུང་གི་མིག་ལས། དང་པོ་བསིལ་གྱི་རྒྱལ་པོ་ག་པུར་ནི།། ཤེལ་ག་པུར་གངས་དཀར་ཚལ་པ་འདྲ།། སྟག་ཟིལ་ག་པུར་འབྲི་མར་གཤགས་པ་འདྲ།། མང་ག་པུར་ཁ་བ་བསྒོངས་པ་འདྲ།། ཞེས་གསུངས་སོ།།
རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ག་བུར་ཞེས་སམ་ཀཏྦཱུ་རཾ་ཞེས་པ་གཞུང་འདིར་མང་ག་བུར་དང་སྟག་ཟིལ་ག་བུར། ཤེལ་ག་བུར་ཞེས་རིགས་གསུམ་དུ་གསུངས། གཞུང་གཞན་ནས་ཀཉྪ་ག་བུར་ཞེས་ཀྱང་བཤད་ལ་བྱུང་ཁུངས་ཅུང་སྨོས་ན། བདུད་རྩི་བྱུང་ཁུངས་ལས། སྦྲུལ་གྱི་སྙིང་པོ་ས་མཆོག་དང་གོཪྴི་ཪྵ་གསུམ་པོ་ལས།ག་བུར་རིགས་གསུམ་འབྱུང་བ་ཡིན། ཞེས་གསུངས་པས་ག་བུར་འབྱུང་སའི་ཤིང་ནི་ཧ་རི་ཙན་དན་ཞེས་བྱ་ལ་ཙན་དན་དེ་ལ་གོང་དུ་སྨོས་པའི་རིགས་གསུམ་ཡོད་པ་ནི་བོད་ཀྱི་ཤུག་པའི་རྣམ་དབྱེ་དང་མཚུངས། འདི་དྲང་སྲོང་ཆེན་པོས་བཞེད་ཀྱིས་འབྱུང་ཁུངས་སྦྲུལ་གྱི་སྙིང་པོ་གཅིག་པུ་ཡིན་ཡང་འཐུ་དུས་ཀྱི་ནམ་ཟླ་བསིལ་དྲོད་སྙོམས་གསུམ་ལས།ག་བུར་རིགས་གསུམ་འབྱུང་ཞེས་གསུངས་སོ།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། མང་ག་བུར་ནི་འབྲི་ཚིལ་འདྲ།། སྟག་ཟིལ་ག་བུར་ཕོ་ཅོང་འདྲ།། ཤེལ་ག་བུར་ནི་འཁྱགས་པ་འདྲ།།
     སྨན་མིང་རྒྱ་མཚོ་ལས། རྩི་སྨན་རྒྱལ་པོ་ག་བུར་ཏེ། ཀན་ཉྩ་ག་བུར་རྒྱས་ཚད་སེལ།། ཤེལ་ནི་རྩུབ་བསིལ་དེ་དང་འདྲ།། སྟག་ཟིལ་སེར་མཉེན་ཁྲག་མཁྲིས་སེལ།། མང་ནི་རླུང་ལྡན་ཚད་པ་འཇོམས།། གུར་ཀུམ་མཆིན་ཚད་ཁྲག་ལ་ཕན།། ཀུ་སུ་ལ་ཡང་དེ་དང་མཐུན།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ག་པུར་ཧི་མ་རོ་ནི་བསྐ་ཞིང་ཚ་ཁ་ལ།། ཞུ་རྗེས་ཤིན་ཏུ་བསིལ་བའི་མཆོག་ཏུ་བཤད།། ནུས་པས་ཚད་པ་ཐམས་ཅད་སེལ་བར་བྱེད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ག་བུར་རོ་ནི་བསྐ་ཚ་ཁ་བ་སྟེ།། ཞུ་རྗེས་ཤིན་ཏུ་བསིལ་བའི་མཐར་ཐུག་པས།། རྒྱས་ཚད་ཐོག་བབས་གསོད་ཅིང་རྙིངས་ཚད་འབྱིན།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ག་པུར་ནི།ཙན་དན་དཀར་པོ་ལས་འབྱུང་བར་བཤད་པ་ནི་ནོར་ལ། དེ་ནི་ཤིང་བྷི་མ་དང་ཀཉྪ་ཚིངྒིང་ཞེས་པ་སྡོང་པོ་སེར་སྐྱ་ལོ་མ་ཆེ་ལ་ལྗང་ཁུ་མེ་ཏོག་རྒྱ་ཚོས་འབྲུ་སེར་པོ་ཅན་ལས་ཚི་བ་ལྟར་འབྱུང་བ་ལ་ཤེལ་ག་བུར་དཀར་ལ་སྔོ་བ་འཁྱགས་པ་འདྲ་བ་དང་།སྟང་ཟིལ་ག་བུར་མདངས་སེར་ལ་སུལ་མང་ཞིང་ཕོ་ཅོང་འདྲ་བ་དང་།མང་ག་བུར་འབྲི་ཚིལ་འདྲ་བ་སེར་ལ་སྣ་རིང་མཉེན་པ་གསུམ་འབྱུང་ལ།དེས་ཚ་བ་རྒྱས་པ་ཐོག་བབས་སུ་གསོད་ཅིང་ལུས་ལ་ཡུན་རིང་ཞེན་ན་ཚ་བ་རྩད་ནས་འབྱིན།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ག་བུར་ལ་རིགས་གསུམ་དུ་དབྱེ།དེའང་ལེགས་སྦྱར་དུ་ཀཏྤཱ་ར་དེ་ཟུར་ཆག་པས་ག་བུར་རོ། འབྱུང་ཁུངས་ནི་ཁོང་རང་གི་ཤིང་ཟུར་པ་ཞིག་ལས་ཙནྡན་དཀར་པོ་སོགས་ལས་བྱུང་བ་ཞེས་པ་ནི་མ་དག ཚིངྒིང་།ཞེས་པ་རྒྱ་ནག་པའི་སྐད་དུ།ག་བུར་ཟེར་བ་ཡིན། བོད་དག ཤིང་ཀཉྪ་ལས་སྟག་ཟིལ། ཤིང་ཚིང་གིང་ལས་མང་། ཤིང་བྷི་མ་ལས་ཤེལ་ག་བུར་འབྱུང་ཞེས་པ་ནི་ཧ་ཅང་འོལ་ཚོད་དེ། དང་པོ་ནི། གསེར་ཤིང་སྟེ། དེ་ལས་ག་བུར་འབྱུང་བ་རྒྱ་གར་གྱི་གཞུང་རྣམས་ལས་མ་བཤདགཉིས་པ་ནི། རྒྱ་ནག་པའི་ག་བུར་སྤྱིའི་མིང་ཡིན། གསུམ་པ་ནི། བྷི་མ་སེ་ནཱ་ཀཏྤཱ་ར་ཞེས་འཇིགས་སྡེའི་ག་བུར་ཞེས་དུག་རིགས་ཁ་རུ་འགྲོ་མི་རུང་བ་མིག་སྨན་གྱི་མཆོག་ཅིག་ཡོད་ཅེས་འབྱུང་བ་དེ་ཡིན། དེང་སང་ག་བུར་འདི་རྣམས་རྒྱ་དཀར་ནག་གཉིས་ཀྱི་མཚམས་བྲ་ཧྦའི་ཡུལ་དག་ཉེ་བ་ནས་འབྱུང་ཞེས་རྒྱ་ནག་པ་རྣམས་ཟེར། གབ་མིང་དུ་སེངྒེའི་འོ་མ་ཞེས་བཤད་པའང་འདི་ཁོ་ན།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། སྟག་ཟིལ་ག་བུར་ཤིང་བྷི་མ།མང་ག་བུར་ཀཉྪ།ཤེལ་ག་བུར།ཚིང་གིང་།
     མཛེས་མཚར་མིག་རྒྱན་ལས། ཤེལ་ག་བུར་ནི། རྒྱ་སྐད་དུ། ཏྦཱུ་རཾ་དང་། གབ་མིང་ཟླ་བ་དང་སེང་གེའི་འོ་མ།ག་བུར་དཀར་པོ་ཟེར། སྨན་ངོ་གསལ་བྱེད་དང་ཙ་ར་ཀ་དང་ཛི་ན་མི་ཏྲ་དང་གསལ་སྒྲོན་རྣམས་ལ་ཙན་དན་གྱི་ཐང་ཆུ་ཟེར་བ་ནོར་བ་སྟེ། རྒྱ་གར་ལྷོ་ཕྱོགས་བྷི་མ་ཞེས་བྱ་བའི་ཤིང་སྡོང་པོ་སེར་སྐྱ་ལོ་མ་ཆེ་ལ་ལྗང་ཁུ་མེ་ཏོག་དང་འབྲུ་སེར་པོའི་ཐང་ཆུ་ཟླ་འོད་ཕོག་པས་འབྱུང་ངམ་བཟོ་བྱས་པ་ཡིན།དེ་ཤིན་ཏུ་དཀར་སྔོ་འཁྱག་པའི་དུམ་བུ་འདྲ་བ་བསིལ་བའི་བསིལ་བ། འདྲ་ཡིག་དུང་གི་མིག་ལས།ཤེལ་གྱི་ག་བུར་གངས་དཀར་ཚལ་བ་འདྲ།། ཞེས་དང་། དྷརྨ་སཽ་མིས།ཁ་ཚ་བསྐ་རྩུབ་བསིལ་ཡང་གྱོང་།། ཞེས་དང་། གདམས་པ་སུམ་ཅུར། ག་བུར་བསིལ་ཡང་གྲང་ཞིང་སྐམ་ལ་རྩུབ།། ཅེས་དང་། རྒྱུད་རིན་ཆེན་སྤུངས་པ་ལས། བློན་པོ་ཅུ་གང་མེད་ན་རྩུབ་པས་ཚ་བར་ལྡོག། ཅེས་དང་། ཕྱི་མ་རྒྱུད་ལས། ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་བ་འཇོམས།། ཞེས་གསུངས། ཤེལ་འཕྲེང་དུ་འདི་དང་ཙན་གུར་ཤིང་ཀུན་གླ་རྩི་སོགས་དྲི་མཐུན་པའི་ནུས་དང་ལྡན་པས་དྲི་མ་ཡལ་ན་ནུས་པ་མི་འབྱུང་བར་གསུངས་སོ།།
     སྟག་ཟིལ་ག་བུར་ནི། ཤིང་ཀཉྫ་ཞེས་པར་འབྱུང་བ།དེང་ཤིན་ཏུ་དཀོན་ལ་མདངས་སེར་སུལ་མང་བ་ཅན། དེའི་ནུས་པ་བསིལ་བའི་འབྲིང་བ། འདྲ་ཡིག་ལས། སྟག་ཟིལ་ག་བུར་འབྲི་མར་གཤགས་པ་འདྲ།། ཞེས་དང་། རྒྱུད་ལས། སྟག་ཟིལ་མདངས་སེར་སུལ་མང་ཕོ་ཅོང་འདྲ།། མང་བས་རྩུབ་བསིལ་ཚ་བ་ཀུན་ལ་རྒྱུག། ཅེས་སོ།།
     མང་ག་བུར་ནི། དཀའ་འགྲེལ་ལས། རྒྱ་ནག་གི་ཤིང་ཚིངྒིང་ལས་འབྱུང་བ་ལ་བཟོ་བྱས་པ། སེར་ལ་སྣ་རིང་མཉེན་འཇམ་ཞིག་དང་། ཡང་དཀར་ལ་འཇམ་པ་ཁ་བ་བསྒོངས་པ་འདྲ་བ་དང་གཉིས་ཏེ། བསིལ་བའི་ནང་བསིལ་ཤེད་ཆུང་བ། རྒྱུད་ལས། འཇམ་ལ་བསིལ་བས་རླུང་ལྡན་ཚད་པ་སེལ།།

གོང་ངོས། ཡིག་ཆ་མི་འདུག
X