>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྩི་ཡི་སྨན། > > ནང་དོན།

ཀ་ཀོ་ལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-02 14:42:58 ཀློག་གྲངས། 64

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཀ་ཀོ་ལ་ཡིས་ཕོ་མཆེར་གྲང་བ་སེལ།། ཞེས་པར། ལྕགས་ཕྲེང་ལས། ཀོ་ལ་ཅུང་ཟད་དྲོ་ལ་ཞུ་རྗེས་བསིལ་དུ་འགྲོ།། ཚ་ཞིང་རྩུབ་ལ་ཞུ་རྗེས་བསིལ་དུ་འཁྲུ།། ཞེས་དང་། བདུད་རྩི་ཐིགས་པར། ཀ་ཀོ་ལ་ཡང་དྲོ་ཞིང་འཇུ་སྟོབས་ཆེ།། ཞེས་དང་། དཀའ་འགྲེལ་ལས། ཀོ་ལ་བཟང་པོ་མ་ལ་ཡ།། གླིང་ཕྲན་རྣམས་ལས་སྐྱེ་བ་སྟེ།། ངན་པ་རྒྱ་གར་ཤར་ནུབ་དང་།། ལི་ཡུལ་རོང་རྒྱུད་ཀུན་ཏུ་འབྱུང་།། འདི་ཡང་རྩྭ་ལྡུམ་འབྲས་བུ་ཡིན།། གསུངས་སོ།། རིགས་དབྱེ་ཡང་། དེ་ཉིད་ལས། ཀོ་ལ་དཀར་སྨུག་རྒོད་གཡུང་གཉིས།། དཀར་པོ་སྐྱ་ལ་གང་བུ་སྲབ།། སྨུག་པོ་གང་བུ་འབྲུ་རྣམས་སྣུམ།། ཀོ་ལ་ཆུང་བ་སུག་སྨེལ་ཙམ།། རི་མོ་ནག་ཅིང་དཀར་བས་གཡོགས།། གང་བུའི་ནང་ནས་ཕན་ཚུན་འདྲེས།། དྲི་རོ་ག་པུར་ཅུང་ཟད་འདྲ།། ཆེ་བ་རྒྱ་སྲན་འབྲས་བུ་ཙམ།། གང་བུ་སྐྱ་ལ་ནང་ཤོག་ཅན།། ཞེས་པ་དང་། ལྷོ་མོན་ནས་ཀྱང་དཀར་སྨུག་གཉིས་ཡོང་བས། དཀར་པོ་ཆེ་ལ་པགས་པ་མཐུག སྨུག་པོ་ཆུང་ལ་སྲབ། འདི་གཉིས་སྨན་ལ་གཏོང་བར་སྨུག་པོ་དང་། སྤོས་ལ་དཀར་པོ་བཟང་ཞེས་ཟེར་ཡང་། དོན་ལ་དྲི་རོ་གང་བཟང་ལེགས། སྤོས་སྦྱོར་ལས། བཟང་པོ་དྲུག་ལས་ངད་པ་ཀ་ཀོ་ལ། ཆེ་ཕྱིར་སྤོས་ལ་ཐལ་བའི་ཉེས་པ་མེད། ཅེས་སོ།། འདྲ་དཔེར། ཀ་ཀོ་ལ་མི་རྒན་ཐུལ་གྱོན་འདྲ། ཞེས་དང་། དུང་གི་མིག་ལས། ཀ་ཀོ་ལ་ནི་དྲེས་རྡོག་འདྲ།། ཞེས་དང་། འདྲ་བཤད་ལས། ཀོ་ལ་མི་རྒན་སེན་མོ་འདྲ།། ཞེས། སྨན་ཚོང་དག་གིས། ཀོ་ལ་བྱིང་བྱིང་ཐུ་ལུ་འདྲ།། ཞེས་སོ།།
     སྨན་མིང་རྒྱ་མཚོ་ལས། ཀ་ཀོ་ལ་ནི་མཚེར་ནད་ཕན།། ཨེ་ལ་ཞེས་བྱ་ཤིན་ཏུ་ཚ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཀ་ཀོ་ལ་ཨེ་ལཱ་རོ་ཚ་ཞུ་རྗེས་དྲོད།། ནུས་པས་ཕོ་མཆེར་གྲང་ནད་སེལ་བར་བྱེད།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། ཀ་ཀོ་ལ་ནི་གང་བུ་ཆུང་།། འབྲས་བུ་གང་ཞིང་ཁ་དོག་ནག། དྲི་རོ་ག་བུར་འདྲ་ན་བཟང་།། ཆེ་ཡང་ག་བུར་དྲི་འདྲ་བཟང་།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཀ་ཀོ་ལ་ཚ་ཞུ་རྗེས་ཤིན་ཏུ་དྲོད།། འཇུ་བའི་སྟོབས་ཆེ་ཕོ་མཆེར་གྲང་བ་སེལ།།
སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཀ་ཀོ་ལ་ནི། ཨེ་ལ་སྦོམ་པོ་ཡིན་ཟེར་ལ། དེ་ལ་ལོ་སྡོང་ལྗང་བའི་འབྲས་བུའི་པགས་པ་འཐུག་པ་སུལ་ཅན་གསོབ་པ་མཆོག་དང་། ཕལ་བ་པགས་སྲབ་རྩེ་རྣོ་འཇམ་པ་གཉིས་ཏེ། དེ་དག་གིས་ཕོ་བ་དང་མཚེར་པའི་གྲང་བ་སེལ།
     མཛེས་མཚར་མིག་རྒྱན་ལས། མཆེར་པའི་བཟང་པོ་ཀ་ཀོ་ལ་ནི། རྩ་ལྡུམ་འབྲས་བུ་ཟེར། རྩྭའི་མེ་ཏོག་སྔོ་དམར་གྱི་འབྲུ་སྟེ། སི་ཏུས། ཚའོ་ཀོ་ཞེས་པ་ཀ་ཀོ་ལའི་རིགས།། ཞེས་པ་རྒྱ་ནག་ལས་བྱུང་བ། ཕོ་མཆེར་གྲང་བ་སེལ། འདི་མ་གཏོགས་པའི་གཞན་ལྔར་བཟང་པོ་ལྔ་ཟེར།

གོང་ངོས། ཡིག་ཆ་མི་འདུག
X