>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

མཛེ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:47:29 ཀློག་གྲངས། 43

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཛེ་ཚས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན།། ཞེས་པར་མཆོག་དམན་གཉིས་ལས། མཆོག་ནི་བྲག་ལས། ཚུར་གྱི་ལྦུ་བ་ལྟར་ཆགས་པ་བྱང་ཚ་ལྟར་དཀར་ཞིང་དངས་ལ་ཚྭ་བྲོ་བ། དམན་པ་ནི། ཡ་བཀྵ་རའི་འོག་ཏུ་ཚྭ་ཞུན་ཆགས་པ་སྐྱ་ལ་སོབ་པ་སླད་མེད་པ་སྟེ་ཡ་བཀྵ་ར་རྒས་པ།
རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། མཛེ་ཚ་ནི་སྟོད་ནས་འབྱུང་སྟེ་ཁ་བ་སྒོངས་པ་ལྟ་བུ་བཟང་། མ་རྙེད་ན་ལན་ཚྭའི་གསེབ་ཀྱི་གྲག་ཤེལ་དུ་གྲགས་པ་འདི་ཚབ་རུང་བར་བཤད་ཅིང་། མིང་ནི། ཛ་ཧི་ཕ་ལ་ཞེས་སོ།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། མཛེ་ཚ་ཚ་ལ་ཕྱེ་མ་འདྲ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། མཛེ་ཚས་ཆུ་སེར་འདྲེན་ཅིང་ཤ་རོ་གཅོད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། མཛེ་ཚས་ཤ་རོ་གཅོད་ཅིང་ཁྲག་འགག་འཇུ།། རྨ་ཡི་ཆུ་སེར་དག་ཀྱང་འདྲེན་པར་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མཛེ་ཚ་ནི། བྲག་ལ་མཚུར་གྱི་ལྦུ་བ་ལྟར་ཆགས་ཤིང་ཚྭ་བྲོ་ལ་དཀར་པོ་དྭངས་པ་སྟེ། དེས་ཁྲག་འཇུ་ཞིང་རྨའི་ཆུ་སེར་འདྲེན་ལ། དེ་ཡུན་སོང་ན་ཡལ་འགྲོ་བས་གར་ཆང་དང་ཤ་ཁུ་ཞག་ཅན་བཏབ་ན་མི་ཡལ་ཟེར།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། མཛེ་ཚ་ནི། ད་ལྟ་ཡ་བཀྵར་འདོད་པའི་དཀར་པོ་བཅད་པས་ཀྲིག་ཀྲིག་ཟེར་བ།
     མཛེས་མཚར་མིག་རྒྱན་ལས། མཛེ་ཚ་ནི། བྲག་ལས་མཚུར་གྱི་ལྦུ་བ་ལྟར་ཆགས་པ་བྱང་ཚ་ལྟ་བུ་དཀར་ཞིང་དྭངས་ལ་ཚྭ་བྲོ་བ། དེ་ཡང་ཡུན་དུ་སོང་ན་རང་ཡལ་བར་འགྲོ་བ་ཡིན། དེས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན།

གོང་ངོས། ཡིག་ཆ་མི་འདུག
X