>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

བུལ་ཏོག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:26:11 ཀློག་གྲངས། 66

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བུལ་ཏོག་རུལ་གཅོད་རྩམ་པ་མྱགས་པར་བྱེད།། ཅེས་པར། དཔག་བསམ་ལྗོན་པར། བུལ་ཏོག་འཇུ་བར་བྱེད་པ་ཡིན།། བད་ཀན་ཕོ་བར་རྫིངས་པ་སེལ།། སྲིན་དང་དུག་ཐབས་མཐའ་དག་འཇོམས།། ཞེས་དང་། རང་བྱུང་པས། བུལ་ཏོག་ནད་རྣམས་ཐུར་དུ་འཁྲུ།། ཞེས་གསུངས། མིང་ཛི་བུ་ཀ བོད་ཚ། བྱང་ཐོག ལེ་བུལ་ཟེར། ལྷོ་བྱང་སོགས་མ་ངེས་གར་ནས་ཀྱང་འབྱུང་རུང་། དཀར་པོ་ཅུ་གང་འདྲ་ལ་ལྕི་ཞིང་ཁ་མངར་ལན་ཚྭ་བ་དེ་སྨན་བུལ་བཟང་། རོ་ཚ་ལ་སྐྱུར་བ་ཚྭ་བུལ་ཡིན་པས་ངན། གང་ཡང་ཡུལ་སའི་ཁ་དོག་བྱུང་ན་མ་གྲུངས་པ་ཡིན་བཞུ་བགྲུངས་བྱེད་དགོས་སོ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། བུལ་ཏོག་ནི་གཞན་གྱིས་ལྷད་མེད་པ་བཟང་ལ། མིང་ནི། འཇིབ་བུ་ཞེས་སོ།།
སྨན་མིང་རྒྱ་མཚོ་ལས། བུལ་ཏོག་ནད་རྣམས་ཐུར་དུ་འཁྲུ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། བུལ་ཏོག་རྩམ་པ་འཇུ་ཞིང་རུལ་རྣམས་གཅོད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བུལ་ཏོག་ནི། ས་ཅུ་གང་འདྲ་ལ་རོ་ཁ་བ་མཚོ་འགྲམ་སྨན་ཆུ་སོགས་ཀྱི་ཁར་ཁ་བ་བཞིན་ཆགས་པ་སྟེ། དེས་རུལ་གཅོད་ཅིང་རྩམ་པ་མྱགས་ལ་དུག་ནད་སེལ།
     མཛེས་མཚར་མིག་རྒྱན་ལས། བུལ་ཏོག་ནི། ཛི་བུ་ཀ བོད་ཚ། ལྷད་ཚ་ཟེར། བོད་དང་ཧོར་གྱི་ཇར་བཏབ་པ་ལན་ཚྭའི་རོ་རྫོགས་པ་མཚོ་འགྲམ་གྱི་ས་དཀར་པོ་ཅུ་གང་འདྲ་ལ་ལྕི་ཞིང་མངར་ཚ་བ། རྒྱ་ནག་ཏུ་དེ་བཞུས་པའི་རྡོ་ཇ་འདྲ་བ་བྱས་པ་སྟེ་ཤེལ་འཕྲེང་ལས་བཞུ་བགྲུངས་བྱེད་པ་དགོས་པ་ལྟར། ཕྱི་མ་འདི་ལེགས་སམ་སྙམ། ལྗོན་པར། བུལ་ཏོག་འཇུ་བར་བྱེད་པ་ཡིན།། ཞེས་དང་། རུལ་གཅོད་རྩམ་པ་མྱགས་པར་བྱེད།།

གོང་ངོས། བིག་པན།
X