>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

རྒྱམ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:10:41 ཀློག་གྲངས། 46

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྒྱམ་ཚས་མ་ཞུ་བད་རླུང་གྲང་བ་སེལ།། ཞེས་པར། སྒྲོན་མ་གསལ་བ་ལས། རྒྱམ་ཚ་དེ་འདྲ་བསིལ་ཞིང་གྲང་ནད་སེལ།། འདི་གཉིས་ཕན་ཡོན་དྲོད་བསིལ་ནུས་དང་ལྡན།། ཞེས་གསུངས་པའི་དེ་འདྲ་ཞེས་པ་སྔོན་ལྕེ་མྱང་ཚ་ནི་སྔ་མ་བསིལ་ཕྱི་མ་དྲོ་བའི་ནུས་པ་གཉིས་དང་ལྡན། གྲང་བ་སེལ་ལ་ཁྲག་མཁྲིས་དག་ལ་མི་གནོད་ཟེར། བད་ཀན་སྨུག་པོའི་ནད་ལ་འདི་ཡང་སྤང་བར་བྱ། ཞེས་དང་། དཔའ་བོས། རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར།། ལྕི་ཞིང་བད་ཀན་རྣམ་འཕེལ་བྱེད།། ཅེས་དང་། རང་བྱུང་པས། རྒྱམ་ཚས་ཉེས་པ་གསུམ་ཀ་སེལ།། ཞེས་གསུངས། མིང་། སནྡྷ་བ། རྒྱ་མཚོ་ལས་བྱུང་བ། སིནྡྷུ་ལོ་ཝརྞ། རྒྱ་མཚོའི་ཚྭ། སིནྡྷུ་ལོ་ཝ་ན་ཟེར། ཁ་ཆེའི་སྐད་དུ། སེདྡྷེ་བ། བོད་ཀྱི་རྒྱ་མཚོ་ལས་བྱུང་བ། ཕལ་སྐད་དུ། སོནཱ་ལོ་ན་ཟེར། ཁ་ཆེའི་གྲོང་ཁྱེར་གཙུག་བརྟེན་དང་ཉེ་བའི་བྲག་དང་མཚོ་ལས་བྱུང་བ་གཉིས། མཆོག་ནི་བྲག་ལས་བྱུང་བ་སྔོ་དཀར་ཤེལ་ལྟར་དྭངས་ལ་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་ལན་ཚྭ་ཞིང་མངར་བའོ།།འདྲ་ཡིག་ལས་རྒྱམ་ཚ་ཉ་སྣབས་པ་དང་འདྲ། ཞེས་སོ།། མཚོ་ལས་བྱུང་བ་དཀར་པོ་རབ་ཏུ་དངས་པ་ཅོང་ཞིའམ་འཁར་གོང་ལྟ་བུ་འབྲིང་བ། ཡུལ་གཞན་གྱི་མཚོ་ལས་བྱུང་བ་སྔོ་ནག་སྐར་མ་ཙིག་ཙིག་པ་དམན་པའོ།། མ་རྙེད་ན་བྱང་མཚོ་ལས་བྱུང་བ་སླད་མེད་དངས་ལ་མངར་བ་གསེར་མཚོའི་ཚྭ་དཀར་འཁར་གོང་འདྲ་བ་དང་། བྱང་ཆེན་གྱི་སྔོན་པོ་གྲུ་བཞི་མ་ལྟ་བུས་ཚབ་རུང་སྟེ། རང་བྱུང་པས། བྱང་ཚ་སླད་མེད་རྒྱམ་ཚར་མཚུངས། ཞེས་གསུངས་སོ།།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། རྒྱམ་ཚ་རྗེ་རང་བྱུང་བས་ཚ་ལྷད་མེད་རྒྱམ་ཚར་མཚུངས་ཞེས་སོ་ནི་རྡོ་ལས་བྱུང་བ་སྟེ་ཤེལ་ལྟར་དྭངས་པ་རོ་མངར་ཤས་ཆེ་བ་བཟང་། མ་རྙེད་ན་ལན་ཚྭ་བཟང་པོ་སྔོ་དྭངས་ལྷད་མེད་ཀྱི་ཚབ་རུང་བར་བཤད། པི་པི་ལིང་ཞེས་པ་ལ་རིགས་ཕོ་མོ་གཉིས་ལས་ཕོ་རིགས་ཕྲ་ཞིང་གྲོག་རྐེད་ཅན། མོ་རིགས་ཕྲ་ཞིང་གྲོག་རྐེད་ཅན་བཟང་། མིང་ནི། ནག་པོ་ཚན་དྷི། དྲོད་སྨན་འཇོང་མོ། སྤོད་ནར། སྨན་ནགཚ་བ་ལ་ཞེས་སོ།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། རྒྱམ་ཚ་འཁྱགས་པ་བཅག་པ་འདྲ།།
     སྨན་མིང་རྒྱ་མཚོ་ལས། རྒྱམ་ཚས་ཉེས་པ་གསུམ་ཀ་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། རྒྱམ་ཚ་རོ་ནུས་ཞུ་རྗེས་གསུམ་ཁ་ཚ། གྲང་བ་ཙམ་ལ་ཕན། མ་ཞུ་བ་ལ་བསྐོལ་ཐང་བཏང་ན་ཆིག་ཐུབ་ཡིན། བཤལ་གྱི་ལྕག་ལ་ཤིན་ཏུ་འགྲོ། ཆིག་ཐུབ་ཡིན་ཏེ། གྲང་བའི་བཤལ་ལ་འགྲོ་བ་ཡིན། མཁྲིས་པ་དང་། ཚད་རྒོད་དང་། སྨུག་པོའི་བཤལ་ལ་བཏང་ན་ཚད་པ་སྐྱེད་དེ། འཁྲུལ་མ་ཤེས་ན་ནོར་སོ་ཆེ་གསུངས་སོ།། རླུང་ལ་འགྲོ། གྲང་དུག་ལ་འགྲོ། རྨ་ལ་གནོད། མཁལ་ནད་ཆུ་འགགས་ལ་ཕན། སྨུག་པོ་ལ་མི་འགྲོ། ལར་གྱི་འགྲོ་སྒོ་ཆེ། དྲོད་འཇམ་ཡིན། ཕོག་ཐུག་ཆུང་གསུངས་སོ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། རྒྱམ་ཚས་ཚ་བ་མི་བསྐྱེད་བད་རླུང་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། རྒྱམ་ཚ་ལ། རྒྱ་མཚོའི་ཚ། རྒྱ་ཚ་ལ། ཛི་ཧྭ་བྷིནྡ། ལྕེ་འབིགས། ས་སྐྱེས་ལན་ཚྭ། ཆུའི་སྙིང་པོ།། བཀོད་མའི་ཚྭ་རྣོན། ཆུ་ད་བྱིད།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། རྒྱམ་ཚ་ནི་རྒྱ་མཚོ་ལས་བྱུང་བའི་ཚྭ་སྟེ། དེང་སང་བྱང་རྒྱམ་ཆེན་སོགས་གུས་ཞབས་ནས་བརྐོ་བའི་རྡོ་འདྲ་དཀར་པོ་འདི་ཡིན། ཟླ་ཟེར་སོགས་སུ་ལན་ཚྭ་ཐམས་ཅད་ཀྱི་ཚབ་ཏུ་འདི་གཏོང་གསུངས།
     སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལས། རྒྱམ་ཚ་གྲུ་བཞི་ཤེལ་འདྲ་བ། གྲུ་བཞིར་ཆག་འགྲོ་བ་དེ་བཟང་།
     མཛེས་མཚར་མིག་རྒྱན་ལས། རྒྱམ་ཚ་ནི། བྲག་གི་སྔོ་དཀར་ཤེལ་ལྟར་དྭངས་ལ་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་ཚྭ་ཞིང་མངར་བ་མཆོག མཚོ་ལས་འབྱུང་བའི་དཀར་པོ་རབ་ཏུ་དྭངས་པ་ཅོང་ཞི་འམ་འཁར་གོང་ལྟ་བུ་འབྲིང་། སྔོ་ནག་སྐར་མ་ཙིག་ཙིག་པ་དམན། མ་རྙེད་ན། བྱང་ཚས་ཚབ་རུང་སྟེ། རང་བྱུང་རྡོ་རྗེས། བྱང་ཚ་ལྷད་མེད་རྒྱམ་ཚར་མཚུངས་ཞེས་པ། སྒྲོན་གསལ་ལས། རྒྱམ་ཚ་དེ་འདྲ་བསིལ་ཞིང་གྲང་ནད་སེལ།། ཞེས་དང་། སློབ་དཔོན་དཔའ་བོས། རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར།། ལྕི་ཞིང་བད་ཀན་རྣམས་འཕེལ་བྱེད།། ཅེས་དང་། བད་རླུང་མ་ཞུ་གྲང་བ་སེལ།།

གོང་ངོས། རྒྱ་ཚ།
X