>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

རྒྱ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:08:11 ཀློག་གྲངས། 31

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྒྱ་ཚས་དུག་དང་སྲིན་གསོད་རྩ་ནད་སྦྱོང་།། གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས།། ཅེས་པར། རིན་ཆེན་སྤུངས་པ་ལས། རྒྱ་ཚ་མཆོག་སྟེ་ནུས་པ་བརྒྱད་དང་ལྡན།། ཞེས་དང་། བདུད་རྩི་ཐིགས་པ་ལས། རྒྱ་ཚ་རྣོ་ཞིང་ལྕེ་ཐུང་ཆུ་འགགས་སེལ།། རྨ་ཡི་རུལ་གཅོད་ཆུ་སེར་འདྲེན་པར་བྱེད།། ཅེས་གསུངས། རང་བྱུང་པས། རྒྱ་ཚས་རྩ་སྦྱོང་བདུད་རྩི་ཡིན།། ཞེས་དང་། ཏོང་ཁུན་ཟབ་ཏིག་ལས།རྣོ་ངར་ལྡན་པ་ཆུ་ཡི་ད་བྱིད་ནི་རྒྱ་ཚའོ།། ཞེས་སོ།། མིང་། ཛི་ཧྭ་བྷིནྡ། ལྕེ་འབིགས། སཾ་བི་རི་ལོ་ཎ། རྡོའི་དངས་མའི་ཚྭ། པཎི་པཱ་ར། ཆུའི་སྙིང་པོ། མོ་ཤ་དོ། ཚྭ་རྒྱལ། ཆུ་ད་བྱིད། རེག་འབིགས། ཆུ་རྡོལ། རྒྱའི་དབོན་པོ་ཟེར། རྒྱ་ནག་པས་ཟངས་རྒྱ། ཕྲོམ་གྱིས་ཟངས་ཁད་ཟེར། འདི་ཆུ་ལས་བྱུང་བ་དང་། རྒྱ་མཚོའི་འགྲམ་གྱི་བྲག་ལས་བྱུང་བ་གཉིས་ཡོད། ཨ་མ་ནི་ཀོན་བྱ་བའི་རྒྱ་ཚ་ཞིག་ཡུལ་ཨ་མ་དྷ་དྷའི་ཚལ་ནས་འབྱུང་བ་དང་། ཤ་ཏོར་ཞེས་པ་ཞིག་རྒྱ་ནག་ནས་འབྱུང་བ་དང་། གཞན་ཡང་རྒྱ་གར་ནག་དང་སྟོད་ཧོར་སོགས་ནས་འབྱུང་། དབྱིབས་ཤེལ་ལྟར་ལ་བཅག་ན་ག་པུར་ལྟར་ཚི་འཛིན་པ། བྲག་གི་དྲེག་རྩི་འདྲ་བ་དང་། རྡོ་དམར་སོགས་འབྱར་ལ། ཁ་ཞབས་དྭངས་སྙིགས་ཀྱི་རྣམ་པ་མེད་པ་རོ་ཤིན་ཏུ་ཚ་ངར་ཆེ་བ་དེ་རང་བྱུང་ཡིན་པས་མཆོག་ཏུ་བཟང་། རྒྱ་གར་དང་སྟོད་ཧོར་གྱི་ཚ་ཞུན་མ་ཞེས་པ་སྔོ་ལ་དྭངས་པ་དཀར་ལ་འཚེར་བ། དེ་ཡང་སྣོད་དུ་བླུགས་པའི་ཉམས་ཟོམ་ལས་འཁྱག་པ་བཀོག་པ་ལྟ་བུའི་གཟུགས་དང་། ཁ་ཞབས་དྭངས་སྙིགས་ཀྱི་རིམ་པ་ཡོད་པ་བཅག་ན་སྣ་སུལ་ཡོད་པ་རེག་བྱ་རབ་ཏུ་ཚ་བ་དེ་རབ་ཡིན། དེ་འདྲ་ལ་ཁད་ཀྱང་སྐྱ་ལ་སོབ་པ་སྙི་བ་ནི་སྟོད་ཧོར་གྱི་དོང་བཟོ་མ་འབྲིང་བ། ཡང་སྐྱ་སོབ་ཡང་བ་མདངས་མི་གསལ་ཞིང་བར་ཞབས་སྔོ་བ་དང་ནག་པ་ཁ་སྐྱ་ལ་སྣ་ཐུང་བ་འཁྲོ་ཟངས་སོགས་སུ་བླུགས་ནས་ཆགས་པའི་ཉམས་ཏིང་ཕེར་ནས་འཁྱག་བཀོག་པའི་དབྱིབས་རོ་ཚ་ངར་མི་ཆེ་བ་ཐ་མའོ།། འདྲ་ཡིག་ལས། རྒྱ་ཚྭ་རྡོ་རྒྱུས་སྣ་རིང་འདྲ།། ཞེས་སོ།།
     གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། རྒྱ་ཚ་ལྕེ་ཡང་འབིགས་པར་བྱེད།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། རྒྱ་ཚ་ཞེས་པ་རྡོ་ལས་འབྱུང་བ་ཚྭ་སྣ་ཀུན་གྱི་རྒྱལ་པོ་སྟེ། ལྕེ་འབིགས་སམ། རྡོའི་དྭངས་མའམ། ཆུའི་སྙིང་པོ། རེག་འབིགཆུ་རྡོལ་ཞེས་བྱ་སྟེ་བོད་དུ་ནི་སྟོད་ཧོར་གྱིས་འཁྱེར་ནས་འབྱུང་བ་འདི་ཡིན་ལ། རིགས་ནི་ཕོ་མོ་གཉིས་སུ་ངེས་ལ་མོན་གྱི་བསྐོལ་ཚ་ལ་རྒྱ་ཚར་བྱེད་པ་རྣམས་རྨོངས།
     སྨན་མིང་རྒྱ་མཚོ་ལས། རྒྱ་ཚའི་རོ་ལྡན་ནད་ཀུན་ཕན།།、
     གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། རྒྱ་ཚ་རོ་ཚ་ལ་ལྕེ་འབིགས། ནུས་པ་དྲོད། རྗེས་བསིལ་དུ་ལྡོག ཆུ་འགགས་ལ་ཤིན་ཏུ་འགྲོ་ལ་ཟབ། ཤ་མ་ཞུ་བ་ལ་རྒྱ་ཚའི་ཐང་ཚན་མོ་ཆིག་ཐུབ་ཡིན་ཏེ་ཟབ།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། རྒྱ་ཚས་སྐྲན་བཤིགས་གག་པ་རྨེན་ངན་གཅོད།། ཆུ་འགགས་སེལ་ཞིང་རྡོ་འཇུ་རྩ་ནད་སྦྱོང་།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། རྒྱ་ཚས་སྐྲན་བཤིག་རྩ་ནད་སྦྱོང་།། གག་པ་འཇོམས་ཤིང་དུག་སེལ་སྲིན་རྣམས་གསོད།། ཆུ་འགགས་འབིགས་ཤིང་ཤ་རོ་གཅོད་པར་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། རྒྱ་ཚ་ནི། བྲག་ལས་འབྱུང་བའི་ཚྭ་རིགས་ལྕེ་ཐོག་ཏུ་བཞག་ན་འབིགས་སྙམ་བྱེད་པ་སྟེ། དེ་ལས་བུ་ཅོང་འདྲ་བ་མཆོག་དང་། བཟོས་པ་རོ་ཚ་ཞིང་མཚུར་བྲོ་བ་ཕལ་བ་སྟེ། དེ་དག་གིས་དུག་རིགས་སེལ་ཞིང་སྲིན་གསོད་ལ་རྩ་ནད་སྦྱོང་བ་དང་གག་པ་སོགས་ཤ་རོ་གཅོད་ཅིང་ཆུ་འགག་འབིགས།
མཛེས་མཚར་མིག་རྒྱན་ལས། རྒྱ་ཚ་ནི་ཆུའི་སྙིང་པོ། མཚོན་ཆ་རྣོན་པོ། རྒྱ་ནག་སྨན་རིང་ཟེར། ཆུ་དང་བྲག་ལས་འབྱུང་བའི་སྔོ་དཀར་ཤེལ་འདྲ་ལ་སྣ་རིང་། རྡོ་རྒྱུས་ལྟ་བུ་བཅག་ན་ག་བུར་ལྟར་ཚྭ་འཛིན་ལ་འཇམ་པ་མཆོག སྔོ་ནག་མདངས་མི་གསལ་ཞིང་སྣ་ཐུང་བ་དམན་པའོ།། བདུད་རྩི་ཐིགས་པར་རྒྱ་ཚ་རྣོ་ཞིང་ལྕི་ཐུང་ཆུ་འགགས་སེལ།། ཞེས་དང་། ཏོང་ཁུན་ཟབ་ཏིག་ལས། རྣོ་ངར་ལྡན་པ་ཆུ་ཡི་ད་བྱིད་ཡིན། ཞེས་པས་རྩ་སྦྱོང་དུག་སྲིན་གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས།

གོང་ངོས། ཡིག་ཆ་མི་འདུག
X