>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ཁ་རུ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:04:15 ཀློག་གྲངས། 53

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁ་རུ་ཚ་ཡིས་དྲོད་སྐྱེད་སྦོས་པ་དང་།། སྒྲེགས་དང་འགྱིང་འཁྲོག་བད་རླུང་འཇོམས་པར་བྱེད།། ཅེས་པར། ལྕགས་ཕྲེང་ལས། ཁ་རུ་ཚ་ནི་དྲོ་ལ་ལྕི་བས་སྣུམ་པ་ཡིན།། ཞེས་དང་། སྒྲོན་གསལ་ལས། ཁ་རུ་ཚ་ནི་སྣུམ་ཞིང་དྲོ་ལ་ཚ།། སྟོད་ཀྱི་བད་ཀན་སྨད་ཀྱི་རླུང་ནད་འཇོམས།། གཟེར་དང་ཟུག་དང་ལུས་ལྕི་རྟུག་སྐམ་དང་།། བཤང་འགགས་ལྟོ་སྦོས་སེལ་ཞིང་མེ་དྲོད་སྐྱེད།། ཅེས་དང་།རང་བྱུང་པས། ཁ་རུ་ཚ་ནི་དྲོད་ཀྱི་གཙོ།། རྒྱུ་ལོང་ཚད་སེལ་ངོ་མཚར་ཆེ། གསུངས། མིང་ཎི་མ་ལོང་ཎ་ཡང་ཟེར། འདི་ལ་རང་བྱུང་དང་བཟོ་མ་གཉིས་ཡོད། རང་བྱུང་ལ་དམར་ནག་གཉིས་ཡོད། གང་ཡང་སྣ་ཅོང་ཞི་འདྲ་ལ་འོད་དང་ལྡན་ཞིང་རོ་ཚ་ལ་རྭ་གཞོབ་བྲོ་བ་ཡིན།དམར་པོ་ལ་འདྲ་ཡིག་ཏུ། ཁ་རུ་ཚ་ནི་མེ་རྡོ་བཅག་པ་འདྲ།། ནག་གམ་དམར་ལ་རྭ་གཞོབ་དྲི་མ་བྲོ།། ཞེས་དང་། ནག་པོ་ལ། འདྲ་དཔེར། ཁ་རུ་ཚ་ནི་ཅོང་ཞི་ནག་པོ་འདྲ།། ཞེས་སོ།། བཟོ་མ་ནི་ཚ་བཟོ་ལས་བཤད་ལྟར་བཟོས་པ་སྟེ་ཚྭའི་རྒྱུ་དང་བཟོ་ཁྱད་ལ་དབྱིབས་མ་ངེས་རོ་སྔ་མ་འདྲ་ལ་རིགས་གཉིས་ཡོད་པ།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཁ་རུ་ཚ་ནི་བཅོས་པའི་ཚྭ་རིགས་ཏེ་ཁ་དོག་སྔོན་པོའམ། དམར་པོ་ལ་ཤེལ་ལྟར་དྭངས་པའི་སུལ་ཅན་རྭ་གཞོབ་ཆེ་བ་བཟང་།
     སྨན་མིང་རྒྱ་མཚོ་ལས། ཁ་རུ་ཚ་བྲོ་མ་ཞུ་སེལ།།
     གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། ཁ་རུ་ཚ་རྭ་གཞོབ་དང་ཚྭ་བྲོ། ནུས་པ་དང་ཞུ་རྗེས་དྲོད་རྒོད་ཡིན། སྤྱིར་རླུང་རྩ་ལ་ཤིན་ཏུ་ཕན། ཁྱད་པར་རུས་པའི་རླུང་ལ་མེད་ཐབས་མེད། མཁལ་ནད་ཆུ་འགགས་ལ་སོགས་གྲང་བ་ཙམ་ལ་ཕན། སྨུག་པོ་ཁྲག་དང་། མཁྲིས་པ་ལ་སོགས་ཚད་པ་ཙམ་ལ་གནོད། མ་ཞུ་བ་ལ་ཤིན་ཏུ་ཕན་ཏེ། ཐང་ཚན་མོ་ཆིག་ཐུབ་ཟབ། རྨ་ལ་རླུང་ཞུགས་པ་དང་། གྲང་བ་ལ་ཤིན་ཏུ་ཕན། ལར་གྱི་འགྲོ་སྒོ་ཆེ། རྩུབ་པ་ལ་ཐེ་གསུངས།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཁ་རུ་ཚ་ནི་དྲོད་བསྐྱེད་སྒྲེགས་པ་སྦྱོངས།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། ཁ་རུ་ཚ་ཡིས་དྲོད་སྐྱེད་བད་རླུང་སེལ།། སྦོ་སྒྲེག་འགྱིང་བ་སྦྱོང་བར་བྱེད་པ་ཡིན།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཁ་རུ་ཚ་ནི། རང་གྲུབ་དམར་ནག་གཉིས་དྭངས་པ་མཆོག་དང་བཟོས་པའི་ནག་པོ་ཕལ་བ་སྟེ་གསུམ་དང་།ཙབས་རུ་ཚ་ལའང་། རང་གྲུབ་དཀར་པོ་མདུང་རྩེ་འདྲ་བ་རབ་དང་། དམན་པ་བཟོས་པའི་ཚྭ་རིགས་དཀར་པོ་ཞིག་ཀྱང་འོང་ལ། དེ་དག་གིས་དྲོད་བསྐྱེད་ཅིང་སྦོ་སྒྲེག་འགྱིངས་པ་དང་བད་རླུང་འཇོམས།
     མཛེས་མཚར་མིག་རྒྱན་ལས། ཁ་རུ་ཚ་ནི། རང་འབྱུང་བ་ཅོང་ཞི་འདྲ་ལ་འོད་དང་ལྡན་ཞིང་རོ་ཚ་ལ་རྭ་གཞོབ་བྲོ་བ་སྟེ། དེའི་དམར་པོ་བཟང་ནག་པོ་ངན། དམར་སྐྱ་དང་སྔོ་སྐྱ་ཡང་ཡོད། བཟོས་པ་ཐ་མ། དེའི་ཡན་ཚྭ་སྣ་གསུམ་ཟེར། ལྕགས་འཕྲེང་ལས། ཁ་རུ་ཚ་ནི་དྲོ་ལ་ལྕི་བས་སྣུམ་པ་ཡིན།། ཞེས་པས་དྲོད་སྐྱེད་སྦོས་སྒྲེག་འགྱིངས་དང་བད་རླུང་འཇོམས།

གོང་ངོས། ཡིག་ཆ་མི་འདུག
X